ཉམས་སྲུང་ལས་འགུལ་གྱི་ རྒྱལ་ཡོངས་དོན་འགྲེལ་ཆ་འཇོག་འབད་ཡོདཔ།

༉ འབྲུག་ལུ་ འཛམ་གླིང་རི་དྭགས་མ་དངུལ་གྱིས་ གཞུང་དང་གཞུན་མིན་ལས་ཚོགས་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལྷོ་ནུབ་ཉམས་སྲུང་མཐོ་ཤོས་ཟེར་མི་ ལས་འགུལ་གྱིས་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ རྒྱལ་ཡོངས་དོན་འགྲེལ་ཡིག་ཆ་དེ་ ཆ་འཇོག་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་དོན་འགྲེལ་དེ་ འབྲུག་གི་གནས་སྟངས་ནང་ ཉམས་སྲུང་འབད་ནིའི་ ལམ་སྟོན་ཡིག་ཆ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་གིས་ རང་བཞིན་ཐོན་སྐྱེད་ ཡུན་བརྟན་བཞག་ཚུགས་པའི་ཁར་ ཉམས་སྲུང་འབད་ཚུགསཔ་མ་ཚད་ ཡིག་ཆ་དེ་ འགོ་དང་པ་ར་ སྤྱི་ལོ་༡༩༩༩ ལོའི་ ནགས་ཚལ་འཛིན་སྐྱོང་གིས་གཙོས་པའི་ སོ་ནམ་དང་ རང་བཞིན་ཐོན་སྐྱེད་འཛིན་སྐྱོང་གཞན་ཚུ་ནང་ ལག་ལེན་འཐབ་ཡོདཔ་ཨིན་པས།

དེ་ནང་ ཆུ་རྐ་དང་རྩྭ་ཐང་ ཡང་ན་ གལ་ཅན་དང་ རྩ་ཅན་གྱི་ གནའ་ཤུལ་ས་ཁོངས་ཚུ་ ཚུདཔ་ཨིནམ་ད་ ལས་འགུལ་དེ་ འཛམ་གླིང་རི་དྭགས་སྲུང་སྐྱོབས་མ་དངུལ་གྱིས་ ནདས་ཚལ་དང་ གླིང་ག་ཞབས་ཏོག་ ཏཱ་ར་ཡ་ན་ དེ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་གིས་ བསྟར་སྤྱོད་འབད་དོ་ཡོདཔ་ཨིན་པས།

ནགས་ཚལ་དང་གླིང་ག་ལས་ཁུངས་ཀྱི་གཙོ་འཛིན་ ཀུན་ལེགས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལས་ཕར་ ཡིག་ ཆ་དེ་གི་ མོ་བཏབ་འགོ་བཙུགས་ནི་དེ་ཨིནམ་ད་ མོ་བཏབ་ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ལས་ སྤ་རོ་ལས་སྦེ་ བསྟར་སྤྱོད་འབད་ནི་ཨིན་པས།

སྤ་རོའི་མོ་བཏབ་ལས་འགུལ་གྱི་ ཉམས་མྱོང་དང་ ནགས་འཛིན་འཛིན་སྐྱོང་བཀོད་ཁྲམ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་ ནིའི་ འཆར་གཞི་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས། 

འབྲུག་ལུ་ཡོད་མི་ ལས་འགུལ་དེ་གིས་ ད་ལས་ཕར་ ལོ་༨ ཀྱི་ནང་འཁོད་ནང་ སྐྱེ་ལྡན་རིག་སྣ་དང་ རང་བཞིན་གནས་སྟངས་ དེ་ལས་ བརྩི་མཐོང་ཆེ་བའི་ ལམ་སྲོལ་ཚུ་ ཉམས་སྲུང་འབད་ནིའི་ དམིགས་གཏད་བསྐྱེདཔ་ཨིན་པས།

འབྲུག་གི་ཉམས་སྲུང་མཐུད་སྦྲེལ་དེ་ ཉམ་སྲུང་ས་ཁོངས་༡༠ དང་ སྐྱེ་ལྡན་རིག་སྣའི་གླིང་ག་༡ དང་ རི་དྭགས་འཁྱམས་སའི་ ས་ཁོངས་༨ ནང་ རྒྱལ་ཁབ་ཀྱི་ ས་ཆ་བརྒྱ་ཆ་༥༡.༤༤ ཁྱབ་སྟེ་ཡོདཔ་ཨིན་པས།

ཀུན་ལེགས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཞིབ་འཚོལ་འབདཝ་ད་ སྐྱེ་ལྡན་རིགས་སྣ་དང་ གཅན་གཟན་སྟག་ལས་འགོ་བཙུགས་ རྒྱལ་ཡོངས་གླིང་གའི་ཕྱི་ཁར་ མང་སུ་མཐོང་ནི་ཡོད་ཟེར་ཨིན་པས།

ལས་འགུལ་དེ་ ཉམས་སྲུང་དང་ མི་མང་ཞབས་ཏོག་ཚུ་ རྒྱལ་ཡོངས་གླིང་གའི་ཕྱི་ཁར་ ཤུགས་བཏོན་ནིའི་ ཐབས་ལམ་ཅིག་ཨིནམ་བཞིན་དུ་ ནགས་ཚལ་ཐོན་སྐྱེད་ ཡུན་བརྟན་ཐོག་ ལག་ལེན་འཐབ་ནིའི་དོན་ལུ་ ནགས་ ཚལ་འཛིན་སྐྱོང་འབད་ཚུགས་ཟེར་ བཤདཔ་ཨིན་པས།

འགོ་འདྲེན་དེ་གིས་ ཉམས་སྲུང་ས་ཁོངས་ཕྱི་ཁར་ ཀི་ལོ་མི་ཊར་གྲུ་བཞི་༩,༩༦༧.༤༥ ཁྱབ་སྟེ་ཡོདཔ་ད་ ལས་འགུལ་དེ་ ཇར་ མཱན་གཞུང་དབང་རང་བཞིན་ཉམས་སྲུང་དང་ ནིའུ་ཀི་ལར་ཉེན་སྲུང་གིས་ རྒྱལ་སྤྱི་གནམ་གཤིས་ལས་རིམ་བརྒྱུད་དེ་ མད་ངུལ་གྱི་ གྲོགས་རམ་འབད་ཡོདཔ་ཨིན་པས།

ལོ་ངོ་༨ ཀྱི་ ལས་འགུལ་དེ་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ནང་ འགོ་འབྱེད་འབད་ཡོདཔ་ད་ སྤྱི་ཟླ་༦ པའི་ནང་ ཆ་འཇོག་འབད་མི་ ཡིག་ཆ་དེ་གིས་ ལུང་ཕྱོགས་ནགས་ཚལ་ལས་བྱེདཔ་དང་ མཐུན་རྐྱེན་འཛིན་སྐྱོང་པ་ རྩིས་ཞིབ་པ་ སློབ་ཕྲུག་ ཚན་རིག་པ་ དེ་ལས་ འབྲུག་གི་གནས་སྟངས་ནང་ ཞིབ་འཚོལ་འབད་མི་ཚུ་ལུ་ ལམ་སྟོན་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།

ཡིག་ཆ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་སྡེ་ལུ་དགོ་པའི་ ཞབས་ཏོག་ཚུ་ སྐྱེ་ལྡན་ཡར་དྲག་དང་ཉམས་སྲུང་ དེ་ལས་ ལམ་སྲོལ་དང་ སྐྱེ་ལྡན་གནས་སྟངས་ཚུ་ ཉམས་སྲུང་འབད་དེ་ ཕན་ཐོགས་ཚུགས་ཟེར་ བཀོད་དེ་ཡོདཔ་ཨིན་པས།

དེ་མ་ཚད་ ལས་འགུལ་དེ་གིས་ ཁྲིམས་མཐུན་རྩ་བརྟན་དང་ འཛིན་སྐྱོང་ དེ་ལས་ བཙོག་རླུང་ཀར་བཱོན་བར་གནས་ཐོག་ བཞག་ནིའི་ནང་ ལྷན་ཐབས་འབད་དེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་སྡེབ་འཛིན་སྐྱོང་འབད་ནིའི་ནང་ གྲལ་གཏོགས་འབད་ཚུགས་ཟེར་ཨིན་པས།

ཡིག་ཆ་དང་འཁྲིལཝ་ད་ འབྲུག་གི་དོན་ལུ་ ཡིག་ཆ་དེ་ རྒྱལ་ཡོངས་ས་ཆ་ལག་ལེན་འཆར་གཞི་དང་ ཧ་གོ་ནི་ དེ་ལས་ རང་ བཞིན་དང་ལམ་སྲོལ་ཚུ་ ཉམས་སྲུང་འཆར་གཞི་དང་ གཙོ་རིམ་བྱིན་ནི་ དེ་ལས་ ལུང་ཕྱོགས་ནགས་ཚལ་ཡིག་ཚང་ཚུ་གིས་ ནགས་འཛིན་སྐྱོང་འཆར་གཞི་ ཡོངས་རྫོགས་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།

འབྲུག་གི་དོན་ལུ་ སྐྱེ་ལྡན་རིགས་སྣ་དང་ས་ཆ་ དཀོན་དྲགས་ཡོད་མི་ སྐྱེ་ལྡན་དང་འཁྱམས་ས་ སྐྱེ་ལྡན་ཞབས་ཏོག་ དེ་ལས་ མི་སྡེ་ལུ་ དགོས་མཁོ་དང་ ལམ་སྲོལ་གྱི་ བརྩི་མཐོང་ཚུ་ ཆ་བཞག་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *