ཉམས་མྱོང་གིས་ ཁྱད་པར་བཟོ་ཚུགས་ཟེར་ འབྲུག་ཕུན་སུམ་ཚོགས་པ་གིས་བཤད་ཡོདཔ།

༉ ཁ་ཙ་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་འགྲན་འབདཝ་ད་ དང་པ་ར་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ སྤྱི་ལོ་༢༠༢༥ ལུ་ རྒྱལ་ཁབ་རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་དང་ འདས་པའི་ལོ་ངོ་༡༠ གྱི་རིང་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་སྐོར་ལས་བཤད་ཅི།
ཁོ་གིས་འབད་བ་ཅིན་ ཚོགས་པ་ལུ་ འདྲ་མཉམ་དང་ དྲང་བདེན་འགྲུབ་ནིའི་དོན་ལུ་ གཞི་རྩ་༣ ཡོད་མི་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་འགྲུབ་ནི་དང་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་འཕྲོ་མཐུད་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་ དེ་ལས་ མི་སྡེའི་ནང་ གཞི་བདེ་དང་ མཐུན་ལམ་ ལྷག་པར་དུ་ ཡར་རྒྱས་གཏང་ནི་ཚུ་ཨིན་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅན་ མི་ཕྱུགཔོ་ལས་ སྤྱང་ཀ་ལུ་ བྱིན་ནི་དང་ ཡོད་མི་ལས་འཕྱོག་སྟེ་ མེད་མི་ལུ་ བྱིན་ནི་ཟེར་བའི་ ཚོར་སྣང་བསྐྱེད་མི་དེ་ མི་བདེན་ཟེར་ཨིནམ་ད་ འདྲ་མཉམ་ཟེར་མི་དེ་ དྲག་ཞན་ཆེ་ཆུང་མེད་པར་ གོ་སྐབས་འདྲ་མཉམ་བྱིན་པ་ཅིན་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་ རང་དབང་སྲུང་སྐྱོབ་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
རྒྱལ་ཁབ་ནང་ འོང་འབབ་ཆེ་ཏོག་ཏོ་ཅིག་ ཐོན་ས་མེདཔ་ལས་ ད་ལྟོ་ རྐྱབ་འཕྲོ་ཡོད་མི་ གློག་མེ་ལས་འགུལ་ཚུ་ གང་མགྱོགས་སྦེ་ འགྲུབ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདུག་ཟེར་ཨིནམ་ད་ ལོ་༥ འི་ནང་འཁོད་ལུ་ ལས་འགུལ་གསརཔ་ ཉུང་ཤོས་ར་ ལས་འགུལ་༣ འགོ་བཙུགས་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལུ་ འཛམ་གླིང་ནང་ དཔལ་འབྱོར་མཁས་མཆོག་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཞིབ་འཚོལ་ཅིག་འབད་བའི་སྐབས་ ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་ལས་ འབྲུག་འདི་ དཔལ་འབྱོར་མགྱོགས་དྲགས་ ཡར་རྒྱས་སོང་པའི་རྒྱལ་ཁབ་ཅིག་སྦེ་ མངོན་གསལ་བྱུང་ནུག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་སྐབས་ སྤྱི་ལོ་༢༠༡༣ ལུ་ འཁོར་ལམ་ཀི་ལོ་མི་ཊར་ སྟོང་ཕྲག་ལས་ལྷགཔ་སྦེ་ སེལ་མི་ལུ་བརྟེན་ ད་རེས་ནངས་པར་ སྣུམ་འཁོར་བོ་ལི་རོ་༧,༠༠༠ དེ་ཅིག་ ཉོ་ཚུགས་ཏེ་ འོང་འབབ་བཟོ་ཡོདཔ་མ་ཚད་ ལཱ་གཡོག་གི་ གོ་སྐབས་བཟོ་ཐོག་ལས་ དཔལ་འབྱོར་ཡར་དྲག་སོང་ཡོདཔ་ལས་ གོ་སྐབས་འདྲ་མཉམ་ཐོབ་སྟེ་ཡོད་ཟེར་ པདྨ་རྒྱ་མཚོ་གིས་ བཤད་ཅི།
དབུལ་ཕོངས་ཀྱི་ དཀའ་ངལ་དེ་ འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་སྦེ་ སྡོད་པའི་སྐབས་ དབུལ་ཕོངས་ཀྱི་ དཀའ་ངལ་སྤྱིར་བཏང་ནང་ བརྒྱ་ཆ་༢༤ ལས་༡༢ ལུ་ མར་ཕབ་བཏང་ཡི་ཟེར་ཨིནམ་ད་ གྲོང་གསེབ་ནང་ལས་ཕར་ འཁོར་ལམ་དང་ གློག་མེ་མེད་ས་ལས་ཕར་ གློག་མེ་བཀྲམ་སྤེལ་འབད་མི་དེ་གིས་ དབུལ་ཕོངས་བརྒྱ་ཆ་༣༢ དེ་ཅིག་ལས་ བརྒྱ་ཆ་༡༦ ལུ་ མར་ཕབ་བཏང་མི་ལུ་ འདྲ་མཉམ་འབད་དགོ་ཟེར་ཨིན་པས།
དབང་ཚད་ཕྱིར་སྤེལ་དེ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་ངོ་མ་ཨིན་རུང་ དབང་ཚད་མ་ལྷོད་པས་ཟེར་ཨིནམ་ད་ སྲིད་ཚོགས་ཚུ་ སོར་འགྱོ་མི་ལུ་བརྟེན་ ད་རེས་ནངས་པར་ སྲིད་བྱུས་དང་ ཁྲིམས་བཟང་པོ་ཚུ་ བདག་འཛིན་འཐབ་མི་དེ་ ཞི་གཡོགཔ་ཚུ་ཨིན་རུང་ ཁོང་ལུ་ དབང་ཚད་ཕྱིར་སྤེལ་ཐོབ་ཡོད་མེད་ དོགས་པ་ཡོད་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བཤད་པའི་ཁར་ རྫོང་ཁག་དང་ རྒེད་འོག་ནང་ལས་ཕར་ འགྱོ་བལྟ་བའི་སྐབས་ མི་ཚུ་ལུ་ བསམ་འཆར་ཅིག་ སླབ་དགོ་པའི་ ཞུ་བ་འབད་རུང་ ཞུ་མི་མེདཔ་ལས་ དབང་ཚད་ཕྱིར་སྤེལ་མེདཔ་བཟུམ་ མཐོངམ་མས་ཟེར་བཤད་ཅི།
དབང་ཚད་ཕྱིར་སྤེལ་ཟེར་བའི་སྐབས་ སྣུམ་འཁོར་བོ་ལི་རོ་དང་ ཏི་རུ་བྱིན་མི་ལུ་ མི་བརྩིས་ཟེར་ཨིན་རུང་ འཆར་གཞི་གྲོས་ཐག་བཅད་ནི་དང་ སྟབས་མ་བདེཝ་ཡོད་པ་ཅིན་ ས་གནས་དེ་ནང་ར་ སེལ་མི་ལུ་ དབང་ཚད་ཕྱིར་སྤེལ་ཨིན་ཟེར་ བཤད་ཅི།
དམངས་གཙོ་རིང་ལུགས་ ལེགས་ཤོམ་སྦེ་ ར་བཏགས་དགོ་པ་ཅིན་ བརྡ་བརྒྱུད་ཚུ་ལུ་ དབང་ཚད་བྱིན་དགོ་ཟེར་ཨིནམ་ད་ བརྡ་བརྒྱུད་ཀྱི་ རང་དབང་དེ་ མར་ཉམས་འགྱོ་བའི་སྐོར་ ག་ར་གིས་ ཤེསཔ་མ་ཚད་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ཟླ་བ་སྐུ་མགྲོན་དང་ ནང་གི་གཏམ་ཚུ་ཡང་ མེད་ཡར་སོང་ཡི་ཟེར་བཤད་ཅི།
དེ་བཟུམ་སྦེ་ འབྲུག་ཕུན་སུམ་ཚོགས་པ་ གཞུང་སྐྱོང་སྦེ་ སྡོད་པའི་སྐབས་ སྐྱོན་བརྗོད་འབད་འབདཝ་ས་ སྡོད་ཡོད་རུང་ ད་རེས་ སྐྱོན་བརྗོད་འབད་མི་མེདཔ་ལས་ དབང་ཚད་ཕྱིར་སྤེལ་ཡོད་མེད་ དེ་གིས་ ཤེས་ཚུགས་པས་ཟེར་ཨིན་པས།
པདྨ་རྒྱས་ཚོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ ཉམས་མྱོང་ག་ཡང་མེད་ཟེར་ཨིནམ་ད་ དམངས་གཙོ་རིང་ལུགས་དེ་ ཞིབ་འཚོལ་འབད་ནི་དང་ སྦྱོང་བརྡར་འབད་ནི་ དེ་ལས་ ལཱ་གཡོག་གི་གོ་སྐབས་ བཟོ་ནི་མེན་པར་ རྒྱལ་ཁབ་ཀྱི་ རེ་འདོད་འགྲུབ་ནི་དང་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་དེ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *