ཇོ་མོ་གཙང་ཁའི་ ནང་སྨན་ཞབས་ཏོག་གི་དོན་ལུ་ ཁང་མིག་མ་ལང་པའི་དཀའ་ངལ།

༉ མ་འོངས་པ་ལུ་ ནང་པའི་སྨན་ཁང་གི་ ཞབས་ཏོག་ཡར་དྲག་དང་ གོང་འཕེལ་གཏང་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལུ་ཡོད་མི་ ནང་སྨན་ཞབས་ཏོག་གི་དོན་ལུ་ ཁང་མིག་ཅིག་ ལོགས་སུ་སྦེ་མེད་པའི་ དཀའ་ངལ་ཡོདཔ་ད་ ད་ལྟོ་ ཞབས་ཏོག་དེ་ ཁང་མིག་ཆུང་ཀུ་ཅིག་ནང་སྦེ་ སྤྲོད་སར་མཐོངམ་ཨིན་པས།

སྨན་པ་པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ ཧེ་མར་ ཞབས་ཏོག་སྤྲོད་མི་ ཁང་མིག་དེ་ ཕྱི་སྨན་གྱི་དོན་ལུ་ མཛོད་ཁང་བཟོ་དགོཔ་ ཐོན་མི་ལུ་བརྟེན་ ཁང་མིག་སོ་སོ་ཅིག་ནང་ སྤོ་བཤུད་འབད་ཡི་ཟེར་ཨིནམ་ད་ འདས་པའི་ལོ་༨ དེ་ཅིག་གི་ཧེ་མར་ ཞབས་ཏོག་དེ་ འགོ་བཙུགས་ཞིནམ་ལས་ཚུར་ སྤོ་བཤུད་འབད་དགོཔ་ ཐོན་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནང་སྨན་ཞབས་ཏོག་གི་དོན་ལུ་ ཁང་ཅིག་ཅིག་ལོགས་སུ་སྦེ་ མེད་མི་ལུ་བརྟེན་ མ་འོངས་པའི་ ཞབས་ཏོག་གི་ འཆར་གཞི་ཚུ་ཡང་ བརྩམ་ནི་ལུ་ གནོདཔ་མས་ཟེར་ཨིནམ་ད་ མ་འོངས་པ་ལུ་ ནང་སྨན་གྱི་ ཞབས་ཏོག་ཡར་དྲག་གཏང་ཐབས་ལུ་ རྒྱལ་ཁབ་ནང་གི་ ནང་སྨན་ཞབས་ཏོག་ག་རའི་ནང་ ཁང་མིག་༢ རེ་དགོཔ་ ཁག་ཆེ་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཇོ་མོ་གཙང་ཁའི་ ནང་པའི་སྨན་ཁང་ནང་ ལའུ་རི་དང་ གསེར་ཐིག་རྒེད་འོག་གི་མི་ཚུ་ འོང་དོ་ཡོད་རུང་ ཞབས་ཏོག་གཞན་ ག་ནི་ཡང་མེདཔ་ལས་ སྨན་ཅིག་ལས་བརྒལ་ བྱིན་ནི་མེདཔ་ད་ ཞབས་ཏོག་ལེན་པར་ ཉེ་འདབས་ལུ་སྡོད་མི་ རྒྱ་གར་གྱི་ མི་ཚུ་ཡང་ འོང་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བདུན་ཕྲག་༡ ནང་ མི་༢༠ ལྷགཔ་ཅིག་ ཞབས་ཏོག་ལེན་པར་ འོང་དོ་ཡོད་མིའི་གྲས་ལས་ རྒན་ཤོས་ཚུ་གིས་ བད་ཀན་དང་རླུང་ མཁྲིས་ནད་ ཡམས་ནད་དང་ པགས་ནད་ལ་སོགས་པ་ཚུ་གི་དོན་ལུ་ རླང་བདུག་རྐྱབ་པར་ འོང་དོ་ཡོད་རུང་ ཞབས་ཏོག་དེ་མེདཔ་ལས་ ལོག་གཏང་དགོཔ་ ཐོནམ་མས་ཟེར་ཨིན་པས།
མི་ཚུ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ སྡོད་དོ་ཡོདཔ་ལས་ ཞབས་ཏོག་ལེན་པར་ ཇོ་མོ་གཙང་ཁ་ལུ་ འོང་མི་ཚུགས་དོ་ཡོདཔ་ད་ སྨན་པ་གིས་ མ་དངུལ་མེད་མི་ལུ་བརྟེན་ དུས་རྒྱུན་དུ་ གཡུས་སྒོ་ཚུ་ནང་ འགྱོ་མི་ཚུགས་དོ་ཡོད་རུང་ ལོ་༡ ནང་ཚར་རེ་ གཡུས་སྒོ་ཚུ་ནང་ སྨན་བཅོས་ཞབས་ཏོག་བྱིན་པར་ འགྱོ་དོ་ཟེར་ པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁང་མིག་ཅིག་ལོགས་སུ་སྦེ་ དགོ་པའི་ཁར་ སྨན་རིགས་དང་ ཅ་ཆས་གཞན་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་ལངམ་སྦེ་ དགོཔ་དེ་ཡང་ ཁག་ཆེ་བས་ཟེར་ཨིནམ་ད་ ད་ལྟོ་ སྨན་རིགས་ཚུ་ བསམ་གྲུབ་ལྗོངས་མཁར་ ནང་པའི་སྨན་ཁང་དང་ ཐིམ་ཕུག་ཀ་ཝང་བྱང་སའི་ ནང་སྨན་ལས་ ལེན་དོ་ཡོདཔ་ཨིན་པས།
ཁོ་གིས་ པགས་ནད་དང་ མཁྲིས་ནད་ དེ་ལས་ ཡམས་ནད་དང་ བད་ཀན་ལ་སོགས་པ་ཚུ་ལུ་ སྨན་བཅོས་འབད་དོ་ཡོད་རུང་ མང་ཤོས་ར་ རྩ་དཀར་དང་ པགས་ནད་ཀྱི་དོན་ལུ་ འོང་དོ་ཡོདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སྨན་བཅོས་དེ་ཡང་ ཕྱི་གཟུགས་ཀྱི་བརྟག་དཔྱད་དང་ རྩའི་བརྟག་དཔྱད་ དེ་ལས་ དྲི་དཔྱད་ཀྱི་ཐོག་ལས་ འབད་བའི་ཤུལ་ལུ་ སྨན་བྱིན་དོ་ཡོདཔ་ད་ ག་དེམ་ཅིག་སྦེ་ སྨན་དེ་གིས་ ཕན་ཐོགས་ཡོད་པ་ཅིན་ སྨན་འཕྲོ་མཐུད་དང་ ཕན་ཐོགས་མེད་པ་ཅིན་ གསེར་ཁབ་རྐྱབ་དོ་ཡོདཔ་ཨིན་པས།
གསེར་ཁབ་ཀྱིས་ཡང་ ཕན་ཐོགས་མེད་པ་ཅིན་ ཕྱི་པའི་སྨན་ཁང་དང་ དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ དེ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་དོ་ཡོད་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *