ཇོ་མོ་གཙང་ཁ་གི་ ཕྱགས་སྙིགས་བཀོ་སའི་ས་ཁོངས་ གསེར་ཤིང་ཐང་ལུ་ ངོས་འཛིན་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ ཕྱགས་སྙིགས་བཀོ་ནིའི་དོན་ལུ་ ས་ཁོངས་མེད་པའི་ དཀའ་ངལ་སེལ་ཐབས་ལུ་ དྲུང་ཁག་གིས་ གསེར་ཤིང་ཐང་ལུ་སྦེ་ ས་ཁོངས་ངོས་འཛིན་འབད་ནུག།
ཇོ་མོ་གཙང་ཁ་ཁྲོམ་ཁར་སྡོད་མི་ དངོས་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་མེད་མི་ལུ་བརྟེན་ ཁོང་རང་གིས་ར་ བསྡུ་བསྒྱོམ་འབད་ཞིནམ་ལས་ མེ་བཏང་བཏུབ་མི་ཚུ་ མེ་བཏང་དོ་ཟེར་ཨིནམ་ད་ མ་བཏུབ་མི་ དམ་སྦྱིས་ལ་སོགས་པའི་རིགས་ཚུ་ བསྡུ་བསྒྱོམ་འབད་བཞག་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ལའུ་རི་ལུ་ འགྲོ་འགྲུལ་འབད་བའི་སྐབས་ ཁྱིམ་ནང་ བསྡུ་བསྒྱོམ་འབད་བཞག་མི་ ཕྱགས་སྙིགས་ཀྱི་རིགས་ཚུ་ གསེར་ཤིང་ཐང་ལུ་ འབག་འགྱོ་དོ་ཟེར་ཨིནམ་ད་ མང་ཤོས་ར་ ཕད་ཙེ་ཚུ་ནང་ བཙུགས་བཞག་དགོཔ་ ཐོནམ་མས་ཟེར་ཨིན་པས།
དེ་ཁར་སྡོད་མི་ གཞན་ཚུ་གིས་ སླབ་མིའི་ནང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཅིག་ མེད་པའི་བསྒང་ལས་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཧེ་མ་ལས་ ས་དོང་རྐོ་ཡོད་མི་དེ་ནང་ མེ་བཏང་བཏུབ་མི་དང་ མ་བཏུབ་མི་༢ བཀོ་དོ་ཡོདཔ་ལས་ ཕྱགས་སྙིགས་གང་བའི་བསྒང་ལས་ བཏོན་འབག་མི་མེད་པའི་ དཀའ་ངལ་ཡང་ ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཕྱགས་སྙིགས་བཀོ་ནིའི་དོན་ལུ་ དྲུང་ཁག་གིས་ གསེར་ཤིང་ཐང་ལུ་སྦེ་ ས་ཁོངས་ངོས་འཛིན་འབད་ཡོད་རུང་ ས་ཁོངས་དེ་ ནམ་ལས་ལག་ལེན་འཐབ་ཚུགས་ག་ སླབ་མི་ཤེས་དོ་ཡོདཔ་ལས་ ས་ཁོངས་དེ་ གང་མགྱོགས་ལག་ལེན་ འཐབ་ཚུགསཔ་བཟོ་བ་ཅིན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཇོ་མོ་གཙང་ཁ་དྲུང་པ་ ལམ་དྲག་དབང་འདུས་ཀྱིས་ སླབ་མིའི་ནང་ ས་ཁོངས་དེ་ གསེར་ཤིང་ཐང་ལུ་ ངོས་འཛིན་འབད་ཡོད་རུང་ ད་ལྟོ་ ལག་ལེན་འཐབ་མ་ཚུགསཔ་ཚུན་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ འཛིན་སྐྱོང་གི་ལཱ་ཚུ་ དེ་ཁར་སྡོད་མི་ཚུ་གིས་ར་ གཙོ་བོར་བཏོན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ ཧེ་མའི་ ཕྱགས་སྙིགས་བླུག་ས་ནང་ཡོད་མི་ ཕྱགས་སྙིགས་ཀྱི་རིགས་ལ་ལོ་ཅིག་ གསེར་ཤིང་ཐང་ལུ་ འབག་དོ་ཟེར་ཨིནམ་ད་ དམ་སྦྱིས་ལ་སོགས་པའི་ ཕྱགས་སྙིགས་ཀྱི་རིགས་ཚུ་ རྒྱ་གར་གྱི་ མི་ཚུ་གིས་ འབག་འགྱོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁག་གིས་ སྣུམ་འཁོར་ཊེག་ཊར་༡ ཡང་ གནང་སྟེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ དེད་གཡོགཔ་མེད་པའི་ དཀའ་ངལ་ཡོདཔ་ལས་ འཕྲལ་འཕྲལ་ར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་སྐབས་ དྲུང་ཁག་གི་ འགོ་དཔོན་ཚུ་གི་ ཁས་བླངས་ཐོག་ལས་ འབད་དོ་ཟེར་ཨིན་པས།
གསེར་ཤིང་ཐང་གི་ ས་ཁོངས་དེ་ ས་ཆ་ཨེ་ཀར་༢༠༠ ལྷགཔ་ཅིག་ཡོདཔ་ད་ གཏན་འཇགས་ཀྱི་ ས་ཁོངས་སྦེ་ བཟོ་ཐབས་ལུ་ མ་དངུལ་དགོཔ་ལས་ དེ་གི་དོན་ལུ་ ལོ་༥ འི་འཆར་གཞི་༡༢ པའི་ནང་ བཙུགས་ནི་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ ཕྱགས་སྙིགས་ཀྱི་རིགས་ཚུ་ ཕྱི་སེལ་རྐྱབ་བཞག་ནིའི་ འཆར་གཞི་ཡོད་ཟེར་ དྲུང་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *