༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ཁྲོམ་ནང་སྡོད་མི་ཚུ་ འཐུང་ཆུ་མེད་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ གཙང་སྦྲ་འཕྲོད་བསྟེན་གྱི་ དཀའ་ངལ་བྱུང་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ར་ མི་ཚུ་ ཉེ་འདབས་ཀྱི་ རོང་ཆུ་ཚུ་ནང་ ཆུ་དབོག་པར་ འགྱོ་སར་མཐོངམ་མས།
ཁྲོམ་ཁར་སྡོད་མི་ དངོས་གྲུབ་རྡོ་རྗེ་དང་ གཞན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཇོ་མོ་གཙང་ཁའི་ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་དེ་ འཕྲལ་འཕྲལ་ར་ ཐོན་དོ་ཡོད་རུང་ ད་རེས་ནངས་པར་ འཐུང་ཆུ་མེད་པར་ དུས་ཡུན་བདུན་ཕྲག་༢ ལྷགཔ་ཅིག་ སོང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཆུ་མེད་པའི་བསྒང་ལས་ ཁྱིམ་ནང་ ལཱ་ག་ཅི་ཡང་ འབད་དགོ་མ་བདེ་བའི་ཁར་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ གནས་མི་ཚུགས་པས་ཟེར་ཨིནམ་ད་ སྣུམ་འཁོར་ཡོད་མི་ཚུ་གིས་ རོང་ཆུ་ཚུ་ནང་ ཆུ་དབོག་པར་ འགྱོ་དོ་ཡོད་རུང་ སྣུམ་འཁོར་མེད་མི་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ འཐུང་ཆུ་མེད་མི་ལུ་བརྟེན་ སྨན་ཁང་གི་འོག་ལུ་ཡོད་མི་ ཆུ་རྫིང་ཅིག་ལས་དབོགས་ཏེ་ འཐུང་དོ་ཟེར་ཨིནམ་ད་ དེའི་ལྟག་ལུ་ མི་ཚུ་གིས་ ཕྱགས་སྙིགས་བཀོག་དོ་ཡོདཔ་ལས་ གཙང་སྦྲ་དང་ལྡནམ་སྦེ་མེད་རུང་ བྱ་ཐབས་མེད་པར་ འཐུང་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་རྫིང་དེ་ཡང་ དུས་ཚོད་དང་འཁྲིལ་ འཐོན་མི་ཅིག་འབདཝ་ལས་ གནམ་དགུན་ལུ་ སྐམ་དོ་ཡོདཔ་ལས་ དྲུང་ཁག་གི་ཁ་ཐུག་ལས་ འཕྲལ་མགྱོགས་ར་ ཐབས་ཤེས་བཏོན་ཏེ་ དཀའ་ངལ་དེ་ སེལ་ཚུགས་པ་ཅིན་ དེ་ཁར་སྡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
དྲུང་པ་ལམ་དྲག་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ལྟོ་ ཇོ་མོ་གཙང་ཁའི་ ཁྲོམ་གྱི་དོན་ལུ་ གཏན་འཇགས་ཀྱི་ ཆུ་རྐ་དེ་ དགེ་སློང་མཁར་དང་ ཆུ་དཀར་པོ་༢ ཨིནམ་ད་ དགེ་སློང་མཁར་དེ་ ཁྲོམ་ལས་ཀི་ལོ་མི་ཊར་༡༠ དེ་ཅིག་ འགྱོ་དགོ་པའི་ཁར་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ཆུ་མཛོད་དང་ ཆུ་དུང་ཚུ་ ཆ་རུད་ཀྱིས་ འཕྱགས་བདའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆུ་དཀར་པོ་ལུ་ཡང་ ཆུ་རྫིང་༡ རྐྱབ་ཡོད་རུང་ གནམ་བྱཱར་ལུ་ ཆུ་སྦོམ་འཐོན་པའི་སྐབས་ འཕྱགས་བདའཝ་མ་ཚད་ ཆུ་དེ་ཡང་ ལོགས་གཅིག་ཁར་ལས་ འགྱོ་དོ་ཡོདཔ་ལས་ ཆུ་རྫིང་དེ་ནང་ མི་འོངམ་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༥-༡༦ ལུ་ ཉམས་བཅོས་འབད་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ད་རུང་ འཕྱགས་བདའ་ཡི་ཟེར་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ས་རུད་ཀྱིས་ དགེ་སློང་མཁར་དང་ ཆུ་དཀར་པོའི་ཆུ་རྫིང་ འཕྱགས་བདའ་ཡོདཔ་ལས་ དངུལ་ཀྲམ་༥༠༠,༠༠༠ ཟད་འགྲོ་བཏང་ཐོག་ལས་ ཉམས་བཅོས་འབད་ཡི་ཟེར་ཨིནམ་ད་ དགེ་སློང་མཁར་གྱི་ ཆུ་རྐ་དེ་ དུས་ཚོད་དང་འཁྲིལ་ འཐོན་མི་ཅིག་འབདཝ་ལས་ གནམ་དགུན་ལུ་ སྐམ་འགྱོ་བའི་ཁར་ གནམ་བྱཱར་ལུ་ ཁམས་ལོག་སི་སི་སྦེ་ འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་བྱཱར་དགུན་མེད་པར་ ཆུ་ལེགས་ཤོམ་སྦེ་ འཐོན་སྡོད་མི་ཅིག་ཡོད་རུང་ ཆུ་དེ་ ཁྲོམ་ལས་ ལམ་ཐག་རིང་སར་ཡོདཔ་ལས་ དེ་ཁར་ལས་ འཐུང་ཆུ་བཏོན་པ་ཅིན་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ གནས་ནི་ཨིན་མི་ལུ་བརྟེན་ རྐ་གཞན་མེད་ནི་དེ་གིས་ ད་ལྟོ་ གནས་སྐབས་ཀྱི་དོན་ལུ་ སྨན་ཁང་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་གྱི་ སྡོད་ཁྱིམ་ཚུ་གི་ འོག་ལུ་ཡོད་མི་ ཆུ་རྫིང་༢ ལས་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༧-༡༨ ནང་ མ་དངུལ་ དངུལ་ཀྲམ་ས་ཡ་༥ ཐོབ་སྟེ་ཡོདཔ་ད་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ ཇོ་མོ་རི་ལས་བཏོན་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ་ ཞིབ་འཚོལ་འབད་དེ་ ཚོད་རྩིས་བཏོན་ནིའི་དོན་ལས་ ཞབས་ཏོག་ལྷན་ཁག་ལུ་ ཞུ་བ་འབད་དེ་ཡོདཔ་ལས་ ད་ལྟོ་ དེ་ལུ་ བསྒུག་སྟེ་ཡོད་ཟེར་ དྲུང་པ་ལམ་དྲག་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།