ཇེ་པི་ཨེལ་པིའི་ ཁྲལ་ཟུར་ཐབས་ཀྱི་ འཁྲུན་ཆོད་ལུ་ ད་རིས་ མཐོ་གཏུགས་འབད་ནི།

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ ཇེ་པི་ཨེལ་པི་ཚོང་ཁང་གི་ཇོ་བདག་ ལཱལ་ཅཱནཌ་ལུ་ འོང་འབབ་ཁྲལ་ལས་ ཟུར་ཐབས་འབད་བའི་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་རེས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་གཞི་ཕྱི་སེལ་ཚོགས་ཆུང་གིས་ འཁྲུན་ཆོད་དེ་གི་སྐོར་ལས་ གྲོས་བསྡུར་ཞིབ་པར་ འབད་བའི་ཤུལ་ལུ་ ཐོག་མའི་འཁྲུན་ཆོད་ཀྱི་ རྒྱལ་འགལ་ལུ་ མཐོ་གཏུགས་འབད་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ རྩོད་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཚུ་ རྩོད་དཔོན་དེ་གིས་ སླབ་མ་བཏུབ་རུང་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་ ལོ་རྒྱུས་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ ཕུན་ཚོགས་གླིང་གི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མིའི་ གནད་དོན་ངོ་མ་ར་ ཇེ་པི་ཨེལ་པི་ཚོང་ཁང་གི་ ཇོ་བདག་དེ་གིས་ སྤྱི་ལོ་༢༠༡༡ ལས་༢༠༡༤ གི་བར་ན་ འོང་འབབ་ཀྱི་ཁྲལ་ དངུལ་ཀྲམ་ས་ཡ་༡༨༤ ལྷགཔ་ཅིག་ གཞུང་ལུ་ མ་བཏབ་པར་ ཟུར་ཐབས་འབད་ཡོད་རུང་ དྲུང་ཁག་ཁྲིམས་འདུན་གྱིས་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་བྱ་དངུལ་ཀྲམ་ས་ཡ་༡༤.༤༨༧ དང་ བཙོན་འཐུས་སྦེ་ དངུལ་ཀྲམ་ས་ཡ་༧.༨༧༥ རྐྱངམ་གཅིག་ བཀལ་མི་ལུ་བརྟེན་ཨིན་པས།
འོང་འབབ་ཁྲལ་གྱི་ བཅའ་ཁྲིམས་༢༠༠༡ ཅན་མའི་ནང་ དགོངས་དོན་ཚུ་ དྭངས་གསལ་མེདཔ་ལས་ སྤྱི་ཚེས་༢༠ ལུ་ དྲུང་ཁག་ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལ་ འཁྲུན་ཆོད་གནང་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༡༨༤ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་ཕུལ་མི་ལུ་ ངོས་ལེན་མ་མཛད་པས།
ཇེ་པི་ཨེལ་པི་གི་ སྙན་གསན་དེ་ཡང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གྱིས་མེན་པར་ ཧེ་མའི་ཆུ་ཁ་རྫོང་ཁག་དྲང་དཔོན་ མགོན་པོ་རྡོ་རྗེ་གིས་ མཛད་ཡོདཔ་ལས་ ད་རེས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྫོང་ཁག་ལུ་མེན་པར་ ཐད་ཀར་དུ་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ གནད་དོན་དེ་ལུ་བརྟེན་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལཱལ་ཅཱནཌ་དང་གཅིག་ཁར་ ཁོ་གི་ཉེས་འབྲེལ་པ་ རཱཇ་ཅའུ་ད་རི་ལུ་ ཡིག་ཆ་དང་ ཚོང་ཟོག་ཐོ་ཡིག་ཚུ་ སྐྱོན་ཞུགས་དང་ བྲིས་བསུབས་འབད་ཐོག་ལས་ ཁྲལ་འབབ་ལས་ ཟུར་ཐབས་འབད་མིའི་ནང་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་འབད་ཡོད་རུང་ ཁྲིམས་འདུན་ལས་ ཉེས་འབྲེལ་པ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ག་ནི་ཡང་ མེད་མི་ལུ་བརྟེན་ མཐོ་གཏུགས་ཞུ་དགོ་པའི་ གནད་ཁུངས་ཅིག་ འདི་འོང་ནི་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཞིབ་འབད་བའི་སྐབས་ ལཱལ་ཅཱནཌ་དེ་ ཟླཝ་༣ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བར་འཛུལ་ཐོག་ འབའ་གན་རྐྱབ་སྟེ་ དངུལ་ཀྲམ་ས་ཡ་༨༠ བཙུགས་བཅུག་ཐོག་ལས་ དོ་དམ་འོག་ལས་ བཏོན་ཡོདཔ་ཨིན་པས།
ལྟ་རྟོག་པ་ལ་ལོ་ཅིག་གིས་ བསམ་འཆར་བཤད་མིའི་ནང་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་བརྟེན་ ཚོང་ལས་འཐབ་མི་ཚུ་ལུ་ ལྷག་པར་དུ་ ཁྲལ་ལས་ཟུར་ཐབས་འབད་ནི་གི་ སེམས་ཤུགས་བསྐྱེད་བཅུག་ནི་བཟུམ་འདུག་ཟེར་ཨིན་པས།
ཐོག་མའི་ཁྲིམས་ཀྱི་འདུན་སར་ སྙན་གསན་སྐབས་ ཇེ་པི་ཨེལ་པིའི་ རྒྱབ་མི་གིས་ ཁྲལ་ལས་ཟུར་ཐབས་འབད་བའི་ དངུལ་ཀྲམ་ས་ཡ་༡༨༤ ཉེས་འཛུགས་འབད་དོ་བཟུམ་མེན་པར་ ཚོང་སྡེའི་ཁ་ཐུག་ལས་ ཉེས་བྱ་དང་ ཉེས་ཆད་དངུལ་ཀྲམ་ས་ཡ་༨.༦༩ རྐྱངམ་གཅིག་ གཞུང་ལུ་སྤྲོད་དགོཔ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *