༉ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ ཇེ་པི་ཨེལ་པི་ཚོང་ཁང་གི་ཇོ་བདག་ ལཱལ་ཅཱནཌ་ལུ་ འོང་འབབ་ཁྲལ་ལས་ ཟུར་ཐབས་འབད་བའི་ ཉེས་ཆད་དངུལ་ཀྲམ་ས་ཡ་༡༤.༤༨༧ ལྷགཔ་ཅིག་ གཞུང་ལུ་ ཕུལ་དགོ་པའི་ འཁྲུན་ཆོད་གནང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཇེ་པི་ཨེལ་པི་ལུ་ སྤྱི་ལོ་༢༠༡༡ ལས་༢༠༡༤ གི་བར་ན་ འོང་འབབ་ཀྱི་ཁྲལ་ དངུལ་ཀྲམ་ས་ཡ་༡༨༤ ཟུར་ཐབས་འབད་བའི་ ཉེས་འཛུགས་འབད་དེ་ སྤྱི་ལོ་༢༠༡༥ ཟླ་༩ པའི་ནང་ ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ འོང་འབབ་ཁྲལ་གྱི་བཅའ་ཁྲིམས་༢༠༠༡ ཅན་མའི་ནང་ དགོངས་དོན་ཚུ་ དྭངས་གསལ་མེད་མི་ལུ་བརྟེན་ དྲུང་ཁག་ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལ་ འཁྲུན་ཆོད་གནང་ཡོདཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་ཀྲམ་ས་ཡ་༡༨༤ གཞུང་ལུ་ སོར་ཆུད་འབད་དགོ་པའི་ ཞུ་བ་ཕུལ་མི་ལུ་ ངོས་ལེན་མ་མཛད་པས།
ཨིན་རུང་ ལཱལ་ཅཱནཌ་གིས་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་ཁྲིམས་མ་བཀལ་རུང་ བཙོན་འཐུས་སམ་ ཉེས་ཆད་དངུལ་ཀྲམ་ས་ཡ་༧.༨༧༥ གཞུང་ལུ་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ཁོ་གིས་ དངུལ་ཀྲམ་བསྡོམས་༢༢.༣༦ ལྷགཔ་ཅིག་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ བཏབ་དགོཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ལཱལ་ཅཱནཌ་དེ་ ཟླཝ་༣ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བར་འཛུལ་ཐོག་ འབའ་གན་རྐྱབ་སྟེ་ དངུལ་ཀྲམ་ས་ཡ་༨༠ བཙུགས་བཅུག་ཐོག་ལས་ དོ་དམ་འོག་ལས་ བཏོན་ཡོདཔ་ཨིན་པས།
ཇེ་པི་ཨེལ་པི་ཚོང་འབྲེལ་ཁང་སྒོ་བསྡམས་བཞག་མི་དེ་ཡང་ ལཱལ་ཅཱནཌ་དོ་དམ་འོག་ལས་བཏང་སྟེ་ དེ་གི་ནངས་པར་ ཨ་རྟག་ཧར་ལུགས་སྦེ་ ཚོང་འབྲེལ་འཐབ་བཅུག་ཡོད་པའི་གནས་ཚུལ།