ཇའི་སྒང་ལུ་ འབྲུག་པའི་ཨ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ དོགས་ཅན་ཕོ་སྐྱེས་དེ་ འཛིན་བཟུང་འབད་ཡོདཔ།

༉ ཇའི་སྒང་ལུ་སྡོད་མི་ འབྲུག་པའི་ཨམ་སྲུ་ཅིག་ལུ་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་གིས་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལས་ གར་སོང་མེད་པར་ བྲོས་ཟུར་འབད་ཡོད་རུང་ དོགས་ཅན་ཕོ་སྐྱེས་དེ་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཚུགས་ནུག།
དོགས་ཅན་ཕོ་སྐྱེས་དེ་གིས་ སྤྱི་ཟླ་༤ པའི་ཚེས་༢༥ ལུ་ བསམ་རྩེ་ལས་ཨིན་མི་ སྐྱེས་ལོ་༢༢ ལང་མི་ ཨམ་སྲུ་དེ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ སྙན་ཞུ་ཐོབ་ཅིག་ དེ་འཕྲོ་ལས་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་གིས་ འཚོལ་ནི་འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༥ གི་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལུ་ བཟུང་ཚུགས་ཅི་ཟེར་ ཇའི་སྒང་ཁྲིམས་སྲུང་འགག་པའི་ སྙན་ཞུ་ནང་ བཀོད་དེ་འདུག།
སྙན་ཞུ་དང་འཁྲིལ་བ་ཅིན་ དོགས་ཅན་ཕོ་སྐྱེས་དེ་ ཐབ་ཚངཔ་ཨིནམ་ལས་ ཁོ་ར་ མི་གཞན་ཅིག་གིས་ གནས་སྐོརཔ་ཚུ་གི་དོན་ལུ་ བཞེས་སྒོ་བཟོ་མི་སྦེ་ རྒྱ་གར་རྡོ་རྗེ་གདན་ལུ་ ཁྱིད་ཡོདཔ་བཞིན་དུ་ ལོག་ཇའི་སྒང་ལུ་ལྷོདཔ་ཅིག་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
གསོ་བའི་བརྟག་དཔྱད་འབད་བའི་ཤུལ་ལས་ དོགས་ཅན་ཕོ་སྐྱེས་དེ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ལུ་ ནུབ་བེང་གཱལ་གྱི་མངའ་སྡེ་ ཨ་ལི་པུར་ཁྲིམས་འདུན་ལུ་ ཁྱིད་ཡོདཔ་ད་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ནིའི་དོན་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་སྐབས་ མཐོང་མི་ཅིག་གིས་ ངོས་འཛིན་འབད་ནི་ལུ་ ཆ་རོགས་འབད་ཡི་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ སྤྱི་ཟླ་༤ པའི་ཚེས་༢༥ གི་དྲོ་པ་ འབྲུག་པའི་ཨམ་སྲུ་སྡོད་སའི་ ཁྱིམ་གྱི་སྒོ་དེ་ ལྕགས་དུམ་ཅིག་གིས་ བཅགས་དཀྲུམ་བཏང་བའི་ཤུལ་ལས་ ཁྱིམ་ནང་འཛུལ་སྟེ་ འཇིགས་སྐྲག་སྟོན་ཐོག་ལས་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ཨིན་པས།
ཇའི་སྒང་ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ དེ་བསྒང་ ཉམས་རྒུད་ཨམ་སྲུ་དེ་ མོ་རའི་ ཆ་རོགས་དང་གཅིག་ཁར་སྡོད་ཡོདཔ་བཞིན་དུ་ དོགས་ཅན་ཕོ་སྐྱེས་དེ་གིས་ ཆ་རོགས་དེ་ལུ་ གྱི་ཅུང་བཏོན་ཏེ་ འདྲོག་བཅུག་ཞིནམ་ལས་ ཉམས་རྒུདཔ་ཨམ་སྲུ་དེ་ ཆ་རོགས་ཀྱི་གདོང་ཁར་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལས་ བྱོག་ཡར་སོང་ནུག་ཟེར་ཨིན་པས།
རྐྱེན་ངན་བྱུང་བའི་ཤུལ་ལས་ མི་སྡེ་བརྡ་བརྒྱུད་ནང་ གནད་དོན་དེའི་སྐོར་ལས་ གནས་ཚུལ་དར་ཁྱབ་སོང་ཡོདཔ་ཨིན་པས།
དེ་ལས་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ལུ་བརྟེན་ ཇའི་སྒང་ལུ་ སྡོད་མི་ཚུ་གིས་ གཟུགས་སྒྱེན་མོ་བཏོན་ཞིནམ་ལས་ ཁྲོམ་བཤལ་རྐྱབ་བཅུག་པའི་ ཐུང་ཀུ་གློག་བརྙན་ཅིག་ དར་ཁྱབ་སོང་མི་དེ་ འབྲུག་པའི་ཨམ་སྲུ་ལུ་ དབང་བཙོང་འདོད་སྤྱོད་འབད་མི་ཨིན་ཟེར་ སླབ་མི་དེ་ ངེས་བདེན་མེན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *