ཇའི་སྒང་ལུ་སྡོད་མི་ འབྲུག་པའི་སློབ་ཕྲུག་བུཚ་ཅིག་ ཆར་ཆུ་ནང་ལས་ ཕུན་ཚོགས་གླིང་ལུ་ འགྱོ་བའི་བསྒང་།

ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ལུ་ ཉེན་སྲུང་མེད་པའི་དཀའ་ངལ།

༉ ཕུན་ཚོགས་གླིང་དང་ ཇའི་སྒང་གི་ ས་མཚམས་ས་གནས་ ཅའི་ནིསི་ལ་ཡེན་ལུ་ ཆརཔ་རྐྱབ་པའི་སྐབས་ ཆུ་རུད་ཐོན་དོ་ཡོདཔ་ལས་ ཨམ་སྲུ་ཚུ་གིས་ ཕྱི་རུའི་ཆུ་ཚོད་༣ དང་སྐར་མ་༣༠ རནམ་ད་ སློབ་གྲྭ་ནང་ལས་ ཨ་ལོ་ཚུ་ལེན་པར་ འགྱོ་དགོ་དོ་ཡོདཔ་ཨིན་པས།སྐྱེས་ལོ་༣༩ ལང་མི་ ཤེས་རབ་མཚོ་མོ་དེ་ མོ་གི་ བུམོ་སྦོམ་ཤོས་ལུ་ སྒུག་དོ་ཟེར་ཨིནམ་ད་ དེད་གཡོགཔ་ཅིག་དང་གཅིག་ཁར་ གཉེན་རྐྱབ་མི་ ཤེས་རབ་མཚོ་མོ་དེ་ ཅའི་ནིསི་ལ་ཡེན་གྱི་ རྒྱབ་ཁར་ཡོད་མི་ གུམ་བ་ལམ་ལུ་ སྡོད་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཁང་གླ་ཡར་སེང་འགྱོ་བའི་ཁར་ འཕྲལ་འཕྲལ་ར་ གློག་མེའི་དཀའ་ངལ་ཡང་ ཐོནམ་མས་ཟེར་ཨིན་པས།མོ་གིས་ སླབ་མིའི་ནང་ མོ་གི་རྨགཔ་གིས་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༡༠,༠༠༠ ཐོབ་མི་དེ་གིས་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུགས་པས་ཟེར་ཨིནམ་ད་ ཇའི་སྒང་གི་ ས་མཚམས་བདའ་སྟེ་སྡོད་མི་ འབྲུག་མི་ཚུ་ལུ་ དུས་རྒྱུན་དུ་ གློག་མེའི་སྤྱོད་ཁྲལ་མཐོ་སུ་དང་ འཕྲོག་བཅོམ་ དེ་ལས་ ཉེན་སྲུང་གི་དཀའ་ངལ་ཚུ་ ཐོནམ་མས་ཟེར་ཨིན་པས།རྩི་རང་ལས་ སྐྱེས་ལོ་༤༠ ལང་མི་ དཱན་བྷ་དུར་ གུ་རུང་གིས་ ས་མཚམས་ཁར་སྡོད་དེ་ ལོ་༢༠ ལྷགཔ་ཅིག་ ལང་ཡོདཔ་ད་ ཁོ་གིས་ སུ་བྷཤ་པ་ལི་ལུ་ཡོད་མི་ སྡོད་ཁྱིམ་དེ་ལུ་ ཁང་གླ་རུ་པི་༥,༥༠༠ དང་ ཁོང་བཟའ་ཚང་༥ གིས་ གློག་མེ་ཡུ་ནིཊ་རེ་ལུ་ རུ་པི་༡༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།དཱན་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ གློག་མེའི་དཀའ་ངལ་ཐོན་པའི་སྐབས་ ཉིནམ་༡ ལུ་ འཐུང་ཆུ་ཚར་༢ རེ་ བཀྲམ་སྤེལ་འབད་མི་ལུ་ཡང་ གནོདཔ་མས་ཟེར་ཨིནམ་ད་ ཁོ་གིས་ བསིལ་འཁོར་ཕེན་ལག་ལེན་འཐབ་མི་ལུ་བརྟེན་ ཚར་༡ འབདཝ་ད་ ཟླཝ་༡ ནང་ གློག་མེའི་སྤྱོད་འཐུས་ རུ་པི་༡,༨༠༠ བཏབ་ཅི་ཟེར་ཨིན་པས།དཱན་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ སྒེར་གྱི་ལཱ་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཕུན་ཚོགས་གླིང་ལུ་ རྐྱབ་དོ་ཡོད་མི་ སྡོད་ཁྱིམ་ཚུ་ མཇུག་བསྡུ་ནི་ལུ་ སྒུག་དོ་ཡོདཔ་བཞིན་དུ་ གོ་སྐབས་འཐོབ་པ་ཅིན་ སྤོ་བཤུད་འབད་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ བཞག་ཅི་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ མི་ངན་ཅིག་གིས་ ཁོ་གི་ འགྲུལ་འཕྲིན་མོ་བཱ་ཡེལ་ འཕྲོག་བཅོམ་འབད་མི་གནད་དོན་དེ་ སེམས་ཁར་དྲནམ་ད་ ཁོ་དང་ ཁོ་རའི་བཟའ་ཚང་ཚུ་ དུས་རྒྱུན་དུ་ འདྲོག་བྱེལ་འཐབ་སྟེ་ར་ སྡོད་དགོཔ་མ་ཚད་ སྤྱི་ལོ་༢༠༡༧ ལུ་ གོར་ཁ་ཇཱན་མུག་ཏི་གི་ དཀའ་ངལ་ཐོན་པའི་སྐབས་ ཉེན་སྲུང་གི་དོན་ལུ་ ཁོ་གི་བཟའ་ཚང་ཚུ་ ཕུན་ཚོགས་གླིང་ལུ་ ཆ་རོགས་ཅིག་གི་ཁྱིམ་ནང་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས།སུ་བྷཤ་པ་ལི་ལུ་སྡོད་མི་ སྐྱེས་ལོ་༣༦ ལང་མི་ ཚེ་རིང་གིས་ཡང་ དེད་གཡོགཔ་ཅིག་ཨིན་མི་ མོ་གི་རྨགཔ་དེ་ ཁྱིམ་ནང་མེད་པའི་སྐབས་ ཆ་རོགས་ཀྱི་ཁྱིམ་ནང་ ཉལ་བར་འགྱོ་དོ་ཡོདཔ་ཨིན་པས།ཚེ་རིང་གིས་ སླབ་མིའི་ནང་ མི་ངན་ཚུ་གིས་ ཆརཔ་རྐྱབ་པའི་སྐབས་ལུ་དང་ གློག་མེ་མེད་པའི་སྐབས་ བྱ་ངན་འབད་དོ་ཡོདཔ་ལས་ མོ་གི་ཧེན་བེག་དང་ གོ་ལ་ དེ་ལས་ དངུལ་རྐྱང་ཚུ་ བྱང་ཡི་ཟེར་ཨིནམ་ད་ ཁྱིམ་གྱི་ཇོ་བདག་གིས་ ཁང་གླ་ཚུ་ རྒྱ་གར་གྱི་དངུལ་ལོར་ རུ་པི་ནང་དགོཔ་སྦེ་ སླབ་མི་ལུ་བརྟེན་ ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་གྱི་དོན་ལུ་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།འབྲུག་མི་ཚུ་གིས་ སུ་བྷཤ་པ་ལི་དང་ མང་ལ་བ་རི་ གོ་པི་མོ་ཧཱན་ དེའུ་ཀོ་ཊ་ཊོལ་ དེ་ལས་ གུམ་བ་ལམ་གྱི་ ས་ཁོངས་ཚུ་ནང་ སྡོད་དོ་ཡོདཔ་ད་ ཅའི་ནིསི་ལ་ཡེན་དེ་ འབྲུག་མི་མང་ཤོས་ཅིག་གི་ ཕ་ཁྱིམ་བཟུམ་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ ཨ་ལོ་ཚུ་གི་ ཤེས་ཡོན་སྤྲོད་ཐབས་ལུ་ མ་དངུལ་གསོག་འཇོག་འབད་ནིའི་དོན་ལས་ ཁང་གླ་ཆུང་ཀུ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།ཅའི་ནིསི་ལ་ཡེན་ལུ་སྡོད་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ འབྲུག་པའི་བུཚ་དང་ བུམོ་གཞོནམ་ཚུ་ ཆང་འགྲངས་ཏེ་ ནུབ་མོར་ཡང་ བཤལ་འཁྱམས་རྐྱབ་སྟེ་ སྡོད་མི་ལུ་ལྟཝ་ད་ ཉེན་ཁ་སྦོམ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *