ཇ་ཤིང་འཛུགས་སྐྱོང་འབད་མི་ ཡར་སེང་སོང་ཡོད་རུང་ གཞུང་གི་རྒྱབ་སྐྱོར་གངམ་མེདཔ།

༉ སྐྱེས་ལོ་༥༩ ལང་མི་ རིན་ཆེན་གྱིས་ ལོ་ངོ་༡༥ འི་རིང་ རྒྱལ་ས་ལྟེ་བ་ ཐིམ་ཕུག་ལུ་ སྡོད་པའི་ཤུལ་ལས་ སྤྱི་ལོ་༢༠༠༣ ལུ་ མོ་རའི་གཡུས་ ཀྲོང་གསར་བསམ་ཆོས་གླིང་ལུ་ མི་ཚེ་སྐྱོང་སྡོད་ནིའི་དོན་ལུ་ ལོག་སོང་ནུག།
སྤྱི་ལོ་༢༠༠༣ ལས་འགོ་བཟུང་ མོ་གིས་ མོ་རའི་ས་ཆ་ཚུ་ནང་ ཇ་ཤིང་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་པའི་ཤུལ་ལས་ བསམ་ཆོས་གླིང་ལུ་ ཇའི་ཐོན་སྐྱེད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རིན་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་དབང་འབྲུག་རྒྱལ་༢ པའི་སྐབས་ལས་ར་ ས་གནས་ནང་ཡོད་མི་ གཟིམ་ཅུང་གི་ ས་ཁོངས་ནང་ ཇ་ཤིང་དག་པ་ཅིག་ བཙུགས་ནུག་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ལྕང་སོན་བཏབ་སྟེ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་ལས་ སོ་ནམ་ལྷན་ཁག་གིས་ སོན་དག་པ་ཅིག་ལེན་ཏེ་ མི་སྡེ་ནང་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ རིན་ཆེན་མོ་ར་ སོན་འཛུགས་སྐྱོང་འབད་མི་ དང་པ་ཨིནམ་ད་ དེ་གི་ཤུལ་ལས་ མོ་གིས་ ལྕངམ་མང་སུ་སྦེ་ འཛུགས་སྐྱོང་འབད་ནི་ འགོ་བཙུགས་ནུག།
ད་རེས་ བསམ་ཆོས་གླིང་ལུ་ ཇ་རིལ་གྱི་ལཱ་འབད་མི་༢༧ གྱིས་ ས་ཆ་ཨེ་ཀར་༤༧ ནང་ ཇ་ཤིང་འཛུགས་སྐྱོང་འབད་དེ་ཡོདཔ་ད་ གཡུས་མི་ལེ་ཤ་ཅིག་གིས་ འཐུས་མི་སྦེ་ འཛུལ་ནི་ལུ་ སྒུག་སྟེ་ཡོདཔ་ད་ རིན་ཆེན་མོ་ར་ལུ་ ས་ཆ་ཨེ་ཀར་༡ ཡོད་མིའི་ནང་ འཛུགས་སྐྱོང་འབད་དེ་འདུག།
ཇའི་མཉམ་འབྲེལ་ལས་སྡེ་གི་ཁྲི་འཛིན་ གཡང་སྒྲོན་གྱིས་བཤད་མིའི་ནང་ ཇའི་ལྕངམ་ཚུ་ལས་ འདབ་མ་བཏོག་ནི་ལུ་ ཉུང་ཤོས་ལོ་ངོ་༣ དེ་ཅིག་ འགོརཝ་ཨིན་ཟེར་ཨིནམ་ད་ ལོ་དང་པའི་ནང་ འདབ་མ་བཏོག་པའི་སྐབས་ ཉུང་སུ་ཅིག་ལས་བརྒལ་ མི་ཐོན་དོ་ཡོད་རུང་ ལོ་མང་སུ་འགྱོཝ་ད་ ཐོན་སྐྱེད་ཡར་སེང་འགྱོ་ནི་འདུག་ཟེར་ཨིན་པས།
གཡང་སྒྲོན་གྱིས་ ན་ཧིང་གི་ལོ་ནང་ ཇ་རིལ་བཙོང་སྟེ་ དངུལ་ཀྲམ་༣༥,༠༠༠ དེ་ཅིག་ ཐོབ་ཡོདཔ་ད་ རྒེད་འོག་ཡིག་ཚང་གིས་ རིན་ཆེན་ལས་ ཇའི་ལྕངམ་ཚུ་ ཉོ་འབག་དོ་ཡོདཔ་བཞིན་དུ་ མོ་གིས་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ས་གནས་དེ་ནང་ ད་རེས་ནངས་པར་ ཇ་ཤིང་གི་ལྕངམ་ འཛུགས་སྐྱོང་འབད་མི་ ཡར་སེང་འགྱོ་དོ་ཡོད་རུང་ གཞུང་གིས་ མི་སྡེ་ནང་ གྲོགས་རམ་མར་ཕབ་འབད་དེ་ཡོདཔ་ལས་ ཇ་རིལ་གྱི་དོན་ལུ་ སྒམ་བཟོ་མི་ཤོག་གུ་ཚུ་ ད་རེས་ནངས་པར་ མཉམ་འབྲེལ་ལས་སྡེ་ཁོང་ར་གིས་ ཉོ་དགོཔ་ཐོནམ་ལས་ ད་ལྟོ་ ཤོག་སྒམ་ཚུ་མེད་པར་ ལུས་ཏེ་འདུག།
གཡང་སྒྲོན་གྱིས་ བཤད་མིའི་ནང་ ཤོག་སྒམ་ཡོད་མི་ཚུ་ག་ར་ རྫོགས་སོཔ་ལས་ ཤོག་སྒམ་ཉོ་ནིའི་དོན་ལུ་ ཀཱོལ་ཀ་ཊ་ལུ་ རྒཔོ་བཏང་སྟེ་ སྔོན་བྱིན་མ་དངུལ་ཚུ་ བྱིན་ཡོད་རུང་ ད་ལྟོ་ཡང་ ཤོག་སྒམ་ཚུ་ ཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཇའི་ཐོན་སྐྱེད་འབད་མི་ཚུ་ ཡོངས་གྲགས་ཡོད་རུང་ ཕྱིའི་རྒྱལ་ཁབ་ཚུ་ནང་ དེ་ཅིག་ངོས་འཛིན་མིན་འདུག་ཟེར་ཨིནམ་ད་ མོ་གིས་ ཀཱོལ་ཀ་ཊ་དང་ ཇ་པཱན་ལུ་ ལྟ་བཤལ་ནང་སོང་ཡོད་རུང་ བསམ་ཆོས་གླིང་གི་ ཇ་རིལ་དེ་ ངོས་འཛིན་དེ་ཅིག་འབད་མི་ མ་མཐོང་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་ཐོན་སྐྱེད་དེ་ དབྱེ་བ་དེ་ཅིག་ མེད་ནི་དེ་གིས་ཨིན་པས།
མོ་གིས་སླབ་མིའི་ནང་ མ་འོངས་པ་ལུ་ སི་ཀིམ་དང་ ཀ་ལིམ་པོང་ དེ་ལས་ དར་ཇི་གླིང་ལུ་ ལྟ་སྐོར་ནང་འཁྱིད་པ་ཅིན་ ཡོན་ཏན་ལེ་ཤ་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོ་ མཉམ་འབྲེལ་ལས་སྡེ་ནང་ ཇའི་འདབ་མ་བརྔོ་སའི་ཧོད་ ཕུད་རྡོག་གཅིག་ལས་མེདཔ་ལས་ གཞུང་གིས་ གྲོགས་རམ་འབད་བའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *