ཇ་པཱན་ལུ་ དཀའ་སྡུག་བྱུང་མིའི་སྐོར་ གཞུང་དང་ རྒྱལ་ཡོངས་ཚོགས་སྡེ་ལུ་ཞུ་ཡོདཔ།

ཇ་པཱན་ལུ་བཏང་མི་ འབྲུག་གི་ན་གཞོན་དང་ ཕམ་ཚུ་གིས་ བློན་ཆེན་དང་ ལས་གཡོག་བློན་པོ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ལུ་ ཁོང་རའི་ཚ་གྱང་ཚུ་ཞུ་ནུག།

༉ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ ཇ་པཱན་ལུ་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་བར་སོང་མི་ ན་གཞོན་དང་ ཕམ་སྡེ་ཚན་ཅིག་གིས་ དཀའ་ངལ་དང་ སྐྱིད་སྡུག་བྱུང་མི་ཚུ་གི་སྐོར་ གཞུང་ལུ་ ཞུ་ནིའི་དོན་ལས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་དང་ ལས་གཡོག་བློན་པོ་ ཨོ་རྒྱན་རྡོ་རྗེ་དང་ ཕྱད་ཡོདཔ་ཨིན་པས།
ལས་གཡོག་བློན་པོ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ བློན་ཆེན་མཆོག་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ འབྱོན་ནིའི་དོན་ལས་ གྲ་སྒྲིག་འབད་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་གནང་ནིའི་ དུས་ཚོད་མ་ཐོབ་རུང་ བསྐྱར་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་རེས་ ཇ་པཱན་ལུ་ འབྲུག་མི་ན་གཞོན་༧༠༠ དེ་ཅིག་ ཤེས་ཡོན་སྦྱང་པ་དང་ ལཱ་འབད་བར་ སོང་མི་ལས་ ན་གཞོན་དག་པ་ཅིག་ རྒྱལ་ཁབ་ནང་ ལོག་འོང་སྟེ་ཡོདཔ་ཨིན་པས།
ན་གཞོན་ཚུ་ཡང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་དང་ སློབ་རིམ་༡༢ པ་ མཇུག་བསྡུ་མི་ཚུ་ཨིནམ་ད་ ན་གཞོན་ཚུ་ འབྲུག་གི་དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་དངུལ་ཀྲམ་༦༠༠,༠༠༠ དང་༧༠༠,༠༠༠ ལེན་ཐོག་ལས་ ཇ་པཱན་ལུ་ སོང་ཡོདཔ་བཞིན་དུ་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་བརྒྱ་ཆ་༨ དང་སྦྲགས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༤,༠༠༠ དེ་རེ་ སྐྱིན་ཚབ་སྤྲོད་དོ་ཡོདཔ་ཨིན་པས།
གལ་སྲིད་ ན་གཞོན་ཚུ་གིས་ དངུལ་འབྲེལ་ལས་ཁང་ཚུ་ནང་ དངུལ་སྐྱེད་བཏབ་མ་ཚུགས་པ་ཅིན་ ཕམ་ཚུ་གིས་བཏབ་དགོཔ་ཨིན་རུང་ ད་རེས་ ཇ་པཱན་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་གིས་འབད་བ་ཅིན་ སྐྱིན་ཚབ་བཏབ་མ་ཚུགས་པར་ ཟླཝ་༣ དེ་ཅིག་ ལང་དོ་ཟེར་ཨིན་པས།
ན་གཞོན་ཚུ་ཡང་ ལས་གཡོག་ལྷན་ཁག་དང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གཉིས་ མཉམ་འབྲེལ་ཐོག་ལས་ བཏང་ཡོདཔ་ཨིན་པས།
ཇ་པཱན་ལུ་ ཤེས་ཡོན་སྦྱང་པར་བཏང་མི་ ལས་སྡེ་གིས་ སློབ་ཕྲུག་ཚུ་གི་དོན་ལུ་ ལོ་༡ གི་ ཤེས་ཡོན་གྱི་འཐུས་ཚུ་བཏབ་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ སྐྱིན་འགྲུལ་གྱི་སྐྱེད་དང་ མཐུན་རྐྱེན་གཞན་ཚུ་གི་ འཐུས་རྐྱངམ་གཅིག་ བཏབ་དགོཔ་ཨིན་རུང་ ལོ་ངོ་༢ པ་ལས་ ཤེས་ཡོན་གྱི་འཐུས་ཚུ་ སློབ་ཕྲུག་ཁོང་ར་གིས་ སྤྲོད་དགོཔ་ལས་ གདོང་ལེན་འབྱུང་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་ བཀྲིས་རྡོ་རྗེ་དང་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ འཐུས་མི་དག་པ་ཅིག་གིས་ ཡོན་ཏན་སྦྱང་ནི་དང་ མ་དངུལ་བཟོ་ནིའི་ལས་རིམ་བརྒྱུད་དེ་ ཇ་པཱན་རྒྱལ་ཁབ་ནང་སོང་མི་ ན་གཞོན་སློབ་ཕྲུག་དང་ ཕམ་སྡེ་ཚན་ཅིག་དང་ ཕྱད་ཡོདཔ་ད་ ཚོགས་སྡེའི་ཁྲི་འཛིན་གྱིས་ ཚོགས་ཆུང་དེ་ལུ་ གནད་དོན་དེ་ འཕྲལ་མགྱོགས་ར་ བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཚོགས་ཆུང་གི་ཁྲི་འཛིན་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཨ་ལོ་དང་ ཕམ་ཚུ་གིས་ གནད་དོན་དེའི་སྐོར་ལས་ དཀའ་ངལ་དང་ དཀའ་སྡུག་བྱུང་མི་ཚུ་གི་སྐོར་བཤད་པར་ འོང་ཡི་ཟེར་ཨིན་པས།
ངག་དབང་རྡོ་རྗེ་གིས་ ཇ་པཱནཨོ་སི་ཀ་ལུ་ རྒྱལ་སྤྱི་སེ་ཅུ་རི་ཊི་གཙུག་སྡེ་ནང་ ལོ་༡ གི་རིང་ ཤེས་ཡོན་སྦྱང་བའི་ཤུལ་ལས་ ཤེས་ཡོན་གྱི་ འཐུས་བཏབ་མ་ཚུགས་པར་ དུས་ཅི་ སྤྱི་ཟླ་༡༠ པའི་ནང་ ལོག་རྒྱལ་ཁབ་ནང་འོང་ནུག།
ཁོ་གིས་འབད་བ་ཅིན་ ཟླཝ་༦ ནང་ ཤེས་ཡོན་གྱི་འཐུས་ ཇ་པཱན་གྱི་ཏི་རུ་ ཡཱན་༣༥༠,༠༠༠ དེ་རེ་ སྤྲོད་དགོ་པའི་ཁར་ ཁྱིམ་གྱི་ཁང་གླ་དང་ མཐུན་རྐྱེན་གྱི་ ཟད་འགྲོ་ལྕི་དྲགསཔ་ལས་ སྤྲོད་མ་ཚུགས་པར་ ལོག་འོང་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཇ་པཱན་ཊོ་ཀི་འོ་རྒྱལ་སྤྱི་ལས་ ལོག་འོང་མི་ ན་གཞོན་དམ་ཆོས་རབ་བརྟན་གྱིས་ སླབ་མིའི་ནང་ གཙུག་ལག་ཤེས་ཡོན་སྦྱང་ནིའི་དོན་ལུ་ ལོ་༢ ནང་ ཇ་པཱན་གྱི་ ཁ་སྐད་མཇུག་བསྡུ་དགོ་པས་ཟེར་ཨིནམ་ད་ གཙུག་ལག་ཤེས་ཡོན་ མཇུག་བསྡུ་པའི་ཤུལ་ལས་ མ་འོངས་པ་ལུ་ རྒྱལ་ཁབ་དེ་ནང་ ལཱ་ལེགས་ཤོམ་འཐོབ་ནི་གི་ འོས་འབབ་ཅིག་ མ་མཐོང་པའི་ཁར་ ལཱ་ཐོབ་རུང་ བཟོ་གྲྭ་འཕྲུལ་ཁང་ནང་མ་གཏོགས་ གོ་སྐབས་གཞན་མ་མཐོང་ཟེར་ བཤདཔ་ཨིན་པས།
དམ་ཆོས་རབ་བརྟན་གྱིས་འབད་བ་ཅིན་ མི་ཅིག་གིས་ ལཱ་ཁག་༢ འབད་ནི་དེ་ ཁྲིམས་མཐུན་མེན་རུང་ འཚོ་བ་སྐྱོང་ནིའི་དོན་ལུ་ ལཱ་༢ འབད་ཡི་ཟེར་ཨིན་པས།
ན་གཞོན་གཞན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་སྡེ་དེ་གིས་ ཇ་པཱན་ལུ་ མི་༣ རེ་ སྡོད་ནིའི་དོན་ལུ་ ཁྱིམ་འཚོལ་བཞག་མི་ལུ་ མི་རེ་གིས་ ཡཱན་༡༥,༠༠༠ དེ་རེ་ ཁང་གླ་སྤྲོད་ཡོདཔ་ཨིན་རུང་ སྡོད་ཁྱིམ་ནང་ མི་༣ མ་ཤོང་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ཁང་ཚན་རེ་ནང་ མི་༢ སྦེ་ སྡོད་པའི་སྐབས་ ཟླ་རིམ་ཁང་གླ་ ཡར་སེང་ཐོག་ ཡཱན་༢༠,༠༠༠ རེ་ སྤྲོད་དགོཔ་བྱུང་ཡི་ཟེར་ཨིན་པས།
ན་གཞོན་ཚུ་གིས་ བཤད་མིའི་ནང་ བདུན་ཕྲག་༡ ནང་ ཆུ་ཚོད་༨ ཀྱི་རིང་ ལཱ་འབད་མི་ཚུ་གིས་ ཡཱན་༢༠༠,༠༠༠ དེ་ཅིག་ ཐོབ་ཚུགས་རུང་ ཇ་པཱན་གྱི་ ཁྲིམས་ལུགས་དང་འཁྲིལཝ་ད་ བདུན་ཕྲག་ཅིག་ནང་ ཆུ་ཚོད་༤ ལས་བརྒལ་ ལཱ་འབད་མི་ཆོག་པས་ཟེར་ཨིན་པས།
ན་གཞོན་ཚུ་གིས་ འགྲུལ་འཕྲིན་ལས་སྡེ་དང་ བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ ལཱ་འབད་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་དག་པ་ཅིག་ནང་ ཇ་པཱན་ལས་ ལོག་རྒྱལ་ཁབ་ནང་འོང་མིའི་ ཕམ་ཅིག་གིས་ སླབ་མིའི་ནང་ ཁོ་རའི་བུ་དེ་གིས་ ཇ་པཱན་ལུ་ ལཱ་འབད་ནིའི་ སེམས་ཤུགས་མ་བསྐྱེད་པས་ཟེར་ ཁ་བཏང་དོ་ཡོདཔ་ད་ གལ་སྲིད་ ན་གཞོན་ཚུ་ ཇ་པཱན་ནང་ར་ བཞག་པ་ཅིན་ མེདཔ་ཐལ་ནིའི་ ཉེན་ཁ་ཡོདཔ་ལས་ ལོག་རྒྱལ་ཁབ་ནང་ འབོ་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *