ཇ་པཱན་ལུ་ནདཔ་ཐོན་མི་ འབྲུག་པའི་ཨམ་སྲུ་དེ་ གནས་སྟངས་ཚབས་ཆེན་སྦེ་ཡོདཔ།

༉ བད་ཀན་གྱི་ནད་ཟུན་མི་ འབྲུག་པའི་ཨམ་སྲུ་ཅིག་ སྤྱི་ཟླ་༩ པའི་ཚེས་༡༡ ལུ་ ཇ་པཱན་གྱི་སྨན་ཁང་ ཕུ་ཀའུ་ཀ་སི་ཊི་སྨན་ཁང་ལྟེ་བའི་ནང་ བཞག་དགོཔ་ཐོན་ཡོདཔ་ཨིན་པས།
ཨམ་སྲུ་དེ་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ ཇ་པཱན་ ཤར་གྱི་སྨན་ཁང་ལྟེ་བའི་ ཚབས་ཆེན་སྨན་བཅོས་སྡེ་ཕྲན་ནང་ སྨན་བཅོས་འབད་ཡོདཔ་ད་ སྤྱི་ཟླ་༩ པའི་ཚེས་༢༤ ལས་ དུམ་གྲ་ཅིག་དྲག་དོ་ཡོད་པའི་ སྙན་ཞུ་ལྷོད་ཡོད་རུང་ འབྲེལ་ཡོད་ལས་གཡོག་ལྷན་ཁག་གི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ད་ལྟོ་ གནས་སྟངས་ཚབས་ཆེན་སྦེ་ར་ འདུག་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ སྦྱོང་བརྡར་བ་ཨམ་སྲུ་དེ་ སྤྱི་ཟླ་༨ པའི་ཚེས་༢༢ ལུ་ དྲོད་འབར་རྐྱབ་པའི་ཁར་ མགུ་ཏོ་ན་སྟེ་ ཇ་པཱན་ ཕུ་ཀའུ་ཀ་ཁྲོམ་གྱི་ ཝ་ཇི་རོ་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ཨམ་སྲུ་དེ་ ཇ་པཱན་ལུ་ ཕྱི་རྒྱལ་ལཱ་གཡོག་དང་ཤེས་ཡོན་ལས་རིམ་བརྒྱུད་དེ་འགྱོ་མི་ སློབ་ཕྲུག་ཚུ་གི་གྲས་ལས་ གཅིག་ཨིན་པས།
ཕྱི་རྒྱལ་ལཱ་གཡོག་དང་ཤེས་ཡོན་ལས་རིམ་གྱི་ ལས་ཚབ་དང་འཁྲིལ་བ་ཅིན་ ཇ་པཱན་ལུ་ཡོད་པའི་ ལས་ཚབ་ཀྱིས་ བདག་འཛིན་འཐབ་སྟེ་ཡོད་ཟེར་ཨིན་པའི་ཁར་ ལས་སྡེའི་འཛིན་སྐྱོང་མདོ་ཆེན་དང་ ནདཔ་དེ་གི་ ནུ་གཅུང་ཆུང་ཤོས་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ དྲོ་པ་སྨན་ཁང་ལྷོད་ཅི་ཟེར་ཨིནམ་ད་ ཕུ་ཀའུ་ཀ་ཁྲོམ་གྱི་སྨན་ཁང་དེ་ བད་ཀན་སྨན་བཅོས་དང་ བདག་འཛིན་འཐབ་མི་ དྲག་ཤོས་ཅིག་འབདཝ་ལས་ སྨན་བཅོས་ལེགས་ཤོམ་འབད་ཡི་ཟེར་ ཨིན་པས།
ཕྱི་རྒྱལ་ལཱ་གཡོག་དང་ཤེས་ཡོན་ལས་རིམ་གྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ ཇ་པཱན་ལུ་ཡོད་པའི་ འབྲུག་པའི་སློབ་ཕྲུག་ཚུ་ལས་ ནདཔ་གི་དོན་ལུ་ ཞལ་འདེབས་དངུལ་ཀྲམ་༡༤༡,༠༠༠ དེ་ཅིག་ བསྡུ་ལེན་འབད་ནུག་ཟེར་ཨིན་པའི་ཁར་ ནདཔ་གི་གནམ་གྲུའི་ཤོག་འཛིན་དང་ ཟ་ཁང་ དེ་ལས་ ཕར་ཚུར་སྐྱེལ་འདྲེན་གྱི་དོན་ལུ་ དངུལ་ཀྲམ་༣༨༤,༠༠༠ དེ་ཅིག་ བསྡུ་ལེན་འབད་ནུག་ཟེར་ཨིན་པས།
དེ་མ་ཚད་ ཇ་པཱན་ལུ་ཡོད་པའི་ འབྲུག་ཤེས་ཡོན་ལྟེ་བ་གིས་ཡང་ དངུལ་ཀྲམ་༣༢,༠༠༠ དེ་ཅིག་ ཞལ་འདེབས་སྦེ་ བྱིན་ནུག་ཟེར་ཨིནམ་ད་ ལས་ཚབ་ངོ་མ་གི་ཁ་ཐུག་ལས་ཡང་ ནདཔ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༧༧,༠༠༠ དེ་ཅིག་ བཏང་ནུག་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གི་ ལས་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ ལྷན་ཁག་གི་ཁ་ཐུག་ལས་ ནདཔ་གི་ཕོ་རྒནམ་སྦོམ་ཤོས་དེ་ཡང་ ནདཔ་ལྟ་རྟོག་འབད་ནིའི་དོན་ལུ་ གཏང་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ སློབ་ཕྲུག་དེ་ ན་ནུག་ཟེར་གོཝ་ཅིག་ སློབ་ཕྲུག་དེ་ལུ་ རྒྱབ་སྐྱོར་འབད་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ ཇ་པཱན་ལུ་ ལཱ་ཁག་རྐྱབ་མི་དེ་ཡང་ ཇ་པཱན་གྱི་ཁ་སྐད་ མ་ཤེས་མི་ལུ་བརྟེན་ཏེ་ཨིན་མས་ཟེར་ཨིནམ་ད་ གཞན་འབད་བ་ཅིན་ ཨཱསི་ཊེ་ལི་ཡ་དང་ གཞན་རྒྱལ་ཁབ་བཟུམ་སྦེ་ར་ ལཱ་འབད་དེ་ ཤེས་ཡོན་ལྷབ་ནི་དེ་ ཅོག་འཐད་ཟེར་ཨིནམ་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ ཇ་པཱན་ལུ་ལཱ་འབད་དེ་ ཤེས་ཡོན་སྦྱང་ནིའི་ལས་རིམ་དེ་ བསྐྱར་ཞིབ་འབད་ཡི་ཟེར་ཨིན་པའི་ཁར་ ལོག་སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཡང་ ཕར་འགྱངས་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སློབ་ཕྲུག་ཚུ་ ཇ་པཱན་གྱི་ཁ་སྐད་ལེགས་ཤོམ་སྦེ་ སྦྱང་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སློབ་ཕྲུག་ཚུ་ ཇ་པཱན་ལུ་ལཱ་འབད་དེ་ དཔེ་ཆ་བལྟ་ནིའི་དོན་ལུ་ སྐྱིན་འགྲུལ་བྱིན་ནི་ཡོད་མི་དང་ ཇ་པཱན་ལུ་ ལཱ་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ཚུ་ ད་ལྟོ་ བཀག་བཞག་སྟེ་ཡོད་ཟེར་ཨིནམ་ད་ ཇ་པཱན་ལུ་ལཱ་འབད་དེ་ ཤེས་ཡོན་སྦྱང་ནིའི་ལས་རིམ་བརྒྱུད་དེ་འགྱོ་མི་ འབྲུག་མི་༧༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *