མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོ་དང་ ལྷན་བཞུགས་གནང་པའི་བསྒང་།

ཇ་པཱན་གྱིས་ འབྲུག་གི་ མི་སྟོབས་གོང་འཕེལ་དོན་ལུ་ གྲོགས་རམ་དངུལ་ཡཱན་ས་ཡ་༡༨༣།

ཇ་པཱན་གཞུང་གིས་ འབྲུག་གི་མི་སྟོབས་གོང་འཕེལ་གཏང་ཐབས་ལུ་ ཞི་གཡོགཔ་ན་གཞོན་ཚུ་ ཇ་པཱན་གྱི་ གཙུག་ལག་སློབ་སྡེ་ཚུ་ནང་ ཆེ་རིམ་ཤེས་ཡོན་སྦྱང་ནི་དང་ མཐོ་རིམ་གོང་མ་ ཡང་ཅིན་ དགེ་བཤེས་ཀྱི་ སློབ་སྦྱོང་འབད་བར་ གཏང་ནིའི་དོན་ལུ་ སློབ་གཉེར་གྲོགས་རམ་བྱིན་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོའི་ གཟིགས་སྐོར་སྐབས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཁབ་གཉིས་ཀྱི་བར་ན་ གྲོགས་རམ་མ་དངུལ་ ཇ་པཱན་གྱི་ཏི་རུ་ ཡཱན་ས་ཡ་༡༨༣ འབད་མི་ ལས་འགུལ་གྱི་ ཆིངས་ཡིག་བརྗེ་སོར་འབད་ཡི།

ཆིངས་ཡིག་དེ་ཡང་ འབྲུག་གི་དོན་ལུ་ ཇ་པཱན་གྱི་གཞུང་ཚབ་ཀེན་ཇི་ ཧི་ར་མ་ཙུ་དང་ ཇ་པཱན་ལུ་ འབྲུག་གི་གཞུང་ཚབ་ གུང་བློན་འོགམ་ བྲེ་སྲང་རྣམ་རྒྱལ་༢ ཀྱིས་ འབྲུག་ལུ་ ཉིན་གྲངས་༣ གྱི་རིང་ གཟིགས་སྐོར་ལུ་བྱོན་མི་ ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོ་དང་ འབྲུག་གི་ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་ འཛོམས་ཐོག་ལུ་ མཚན་རྟགས་བཀོད་ཅི།

ལས་འགུལ་དེ་གི་ དམིགས་ཡུལ་གཙོ་བོ་ར་ འབྲུག་མི་ཚུ་ མཐོ་རིམ་ཤེས་ཡོན་སྦྱང་པར་ ཇ་པཱན་གྱི་ གཙུག་ལག་སློབ་སྡེ་ཚུ་ནང་ བཏང་ཐོག་ལས་ འབྲུག་ལུ་ གནད་དོན་སོ་སོའི་ནང་ མི་སྟོབས་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

ལས་འགུལ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལག་ལེན་འཐབ་ནི་ཨིན་པས།

ཇ་པཱན་གྱི་ ཕྱི་འབྲེལ་བློན་པོ་གིས་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ཡང་ མཇལ་ཕྲད་ཞུ་ནུག།

ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོ་གིས་ བཤད་མིའི་ནང་ ཁོ་ འབྲུག་རྒྱལ་ཁབ་ནང་ འོང་མི་དེ་ སྤྱི་ལོ་༢༠༡༡ ལུ་ རྒྱ་མཚོ་འཁྲུགས་ཏེ་ རྦ་རླབས་སྦོམ་ཐོན་ཏེ་ གནོད་སྐྱོན་བྱུང་པའི་ ནམ་དུས་ལུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ ཁོང་གི་རྒྱལ་ཁབ་ནང་ ཆིབས་སྐྱོད་གནང་མི་དེ་གིས་ ཇ་པཱན་གྱི་ མི་སེར་ཚུ་ལུ་ བློ་སྟོབས་སྦོམ་བྱུང་མི་ལུ་ བཀྲིན་དགའ་ཚོར་ཞུ་བར་ཨིན་ཟེར་ཨིན་པས།

དེ་མ་ཚད་ ན་ཧིང་ ཇ་པཱན་གྱི་རྒྱལ་ཆེན་གྱི་སྲསམོ་ མ་ཀོ་མཆོག་ འབྲུག་ལུ་བྱོནམ་ད་ རྒྱལ་ཁབ་ཀྱིས་ མགྲོན་སྐྱོང་མ་བཏུབ་བཏུབ་སྦེ་ མཛད་གནང་མི་ལུ་ཡང་ བཀྲིན་ལེགས་སོ་ཞུ་བ་ཨིན་ཟེར་ ཕྱི་འབྲེལ་བློན་པོ་གིས་ བརྡ་བརྒྱུད་ལུ་ བཤད་ཅི།

བློན་པོ་ཏ་རོ་ ཀོ་ནོ་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ མཇལ་ཕྲད་ཐོག་ ཟུང་ཕྱོགས་དང་ ལུང་ཕྱོགས་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ ཐུགས་འཆར་བརྗེ་སོར་འབད་ཡོདཔ་ཨིན་པས།

དེ་བསྒང་ ཕྱི་འབྲེལ་བློན་པོ་གིས་ ཇ་པཱན་གཞུང་ལས་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ འབྲུག་གི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་དང་ རོགས་རམ་བྱིན་ནི་གི་ ཁས་ལེན་ཡོད་པའི་ བརྡ་འཕྲིན་དེ་ ཞུ་ནུག།

ཁོ་གིས་འབད་བ་ཅིན་ འབྲུག་འདི་ གོང་འཕེལ་དུམ་གྲ་ཅིག་ལས་བརྒལ་མ་འགྱོ་མི་ རྒྱལ་ཁབ་ཚུ་གི་ དབྱེ་སྡེ་ནང་ལས་ ཕྱིར་འཐོན་འབད་ནི་གི་ དུམ་ཁ་ལུ་ ལྷོད་ཡོདཔ་བཞིན་དུ་ ཕྱིར་འཐོན་འབད་ཚར་བའི་ཤུལ་ལས་ཡང་ ཇ་པཱན་གྱིས་ གོང་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་འབད་ནི་གི་ གྲ་སྒྲིག་ཡོད་ཟེར་ཨིན་པས།

འབྲུག་ལུ་བཞུགས་པའི་སྐབས་ ཕྱི་འབྲེལ་བློན་པོ་ ཏ་རོ་ ཀོ་ནོ་གིས་ ཇ་པཱན་གྱི་ གྲོགས་རམ་ཐོག་ལུ་ ལག་ལེན་འཐབ་མི་ ལས་འགུལ་ཚུ་ནང་ བྱོན་ཡོདཔ་མ་ཚད་ ཇའི་ཀ་ལས་སྡེའི་ མཁས་མཆོག་དང་ འབྲུག་ལུ་ ལཱ་འབད་མི་ ཁས་བླངས་པ་ཚུ་དང་ ཕྱད་ཡོདཔ་བཞིན་དུ་ རྒྱལ་རབས་ཅན་དང་ ལམ་སྲོལ་ས་ཁོངས་ཚུ་ནང་ཡང་ གཟིགས་སྐོར་གནང་ནུག།

ཕྱི་འབྲེལ་བློན་པོ་དེ་ འབྲུག་གཞུང་གི་ མགྲོན་བརྡ་གནང་མི་དང་བསྟུན་ རྒྱལ་ཁབ་ནང་ བྱོན་ཡོདཔ་ཨིན་པས།

ཇ་པཱན་དེ་ འབྲུག་གི་དོན་ལུ་ གོང་འཕེལ་མཉམ་རོགས་རྙིང་ཤོས་ཅིག་ཨིནམ་ད་ ཇ་པཱན་དང་ འབྲུག་རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ གོ་བརྡ་དམ་ཟབ་གནས་ཡོད་མི་དེ་ ཕྱི་འབྲེལ་བློན་པོའི་ གཟིགས་སྐོར་གྱིས་ ལྷག་པར་དུ་ རྩ་བརྟན་བཟོ་ནི་ལུ་ ལྷན་ཐབས་བྱུང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྤྱི་ཟླ་༦ པའི་ཚེས་༢༢ ལུ་ རྒྱལ་ཁབ་ནང་ཕེབས་མི་ ཕྱི་འབྲེལ་བློན་པོ་དེ་ ཁ་ཙ་ ལོག་བྱོན་ཡོདཔ་ད་ ཁོ་དང་ཕྱག་ཞུ་སྟེ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་དང་ ཕྱི་འབྲེལ་འགོ་དཔོན་ དེ་ལས ནིའུ་ལྡི་ལི་ལུ་ཡོད་མི་ ཇ་པཱན་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་ འོང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *