༉ ཁ་ཙ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་ཀྱིས་ རྟ་མགོ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་མཇུག་བསྡུ་མི་ ཨི་མ་བྷ་ཤི་ལུ་ བཀྲིས་ལེགས་དར་གནང་ཐོག་ལས་ ཇ་པཱན་ཨ་གྷོར་ཤུ་གྲྭ་ཚང་གི་བླམ་སྦེ་ བསྐོ་བཞག་གནང་ནུག།
ཇ་པཱན་ལས་ ནང་པའི་ཆོས་སྒོར་ཞུགས་མི་ བླམ་ཨི་མ་བྷ་ཤི་དེ་ སྤྱི་ལོ་༢༠༠༤ ལུ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གི་བཀའ་བཞིན་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་བྱོན་ཏེ་ གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ་དང་ དགེ་བཤེས་ཚེ་རིང་རྡོ་རྗེ་ མཁན་པོ་མཁའ་འགྲོ་ཚུ་ལས་ རིག་གཞུང་སྦྱངས་བརྩོན་གནང་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ རྡོ་རྗེ་སློབ་དཔོན་ཀུན་ལེགས་ ལས་ཚོགས་སློབ་དཔོན་བགྲེསཔ་ འཆི་མེད་ལས་ དབང་ལུང་མང་རབས་ཅིག་ཞུ་ནུག།
བླམ་ཨི་མ་བྷ་ཤི་དེ་ སྤྱི་ལོ་༢༠༠༩ ལུ་ འབྲུག་ལས་ ལོག་ཇ་པཱན་ལུ་ ཨ་གྷོར་ཤུ་གྲྭ་ཚང་ནང་བྱོན་ཏེ་ ལས་འགན་མང་རབས་ཅིག་ མཛད་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལུ་ རྟ་མགོ་ངེས་དོན་དགའ་ཚལ་སྒྲུབ་སྡེ་ནང་ འཛུལ་ཞུགས་ཐོག་ སྐྱབས་རྗེ་ཁྲི་རབས་༦༨ པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་ལས་ ཕྱག་ཆེན་ཆོས་དྲུག་ལ་སོགས་པའི་ གདམས་ངག་མང་རབས་ཅིག་ ཞུ་བའི་ཁར་ སྒྲ་སློབ་སྐུ་བགྲེས་སངས་རྒྱས་རྡོ་རྗེ་དང་ སྒྲུབ་དཔོན་པདྨ་ཚུ་ལས་ཡང་ གསང་སྔགས་ཀྱི་ཆོས་འཁོར་ཞུ་སྟེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་མཐར་ཕྱིན་ཡོདཔ་ཨིན་པས།
སྤྱི་ལོ་༡༩༧༡ ལུ་ ཇ་པཱན་གྱི་ས་གནས་ མི་ཨེ་ལུ་འཁྲུངས་ཏེ་ དགུང་ལོ་༦ ལས་ སློབ་གྲྭ་ནང་འཛུལ་ཞུགས་ཐོག་ ཤེས་ཡོན་སྦྱང་ནི་འགོ་བཙུགས་ཡོདཔ་ད་ དགུང་ལོ་༢༥ ལུ་ ནང་པའི་གྲྭ་ཚང་ནང་ འཛུལ་ཡོད་པའི་གནས་ཚུལ།