ཆེ་རིམ་ཞི་གཡོགཔ་ ལེ་ཤ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ནི་ལུ་ཁས་ལེན།

ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བརྩིས་ཏེ་ ཆེ་རིམ་ཞི་གཡོགཔ་ ལེ་ཤ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ནི་ལུ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ གྲོས་འཛོམས་ཐེངས་༣༦ པ་ འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།

བློན་ཆེན་གྱིས་བཤད་མིའི་ནང་ ཞི་གཡོགཔ་ཚུ་ སྲིད་ཚོགས་ནང་ བཙུགས་ནི་ལུ་ ངོས་འཛིན་འབད་མི་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ནིའི་ བྱ་རིམ་གུ་ཡོད་ཟེར་ཨིནམ་ད་ དགོངས་ཞུ་འབད་བའི་ཤུལ་ལས་ སྲིད་དོན་ཚོགས་པ་ནང་ ཐོ་བཀོད་འབད་ཞིནམ་ལས་རྐྱངམ་གཅིག་ འཛུལ་ནིའི་གནང་བ་ བྱིན་འོང་ཟེར་ཨིན་པས།

ཨིན་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞི་གཡོགཔ་གི་ མིང་ཐོ་ཚུ་ གསལ་སྟོན་འབད་མ་བཏུབ།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་ཞུགས་འབད་མི་ འཐུས་མི་ཚུ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཀུན་བཟང་དབང་འདུས་དེ་ བཀྲིས་སྒང་བར་མཚམས་-གཤོང་ཕུག་ལས་ ངོས་འཛིན་འབད་ཡོདཔ་ད་ གཞལམ་སྒང་པཱན་སྦང་ལས་ ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ལུང་བསྟན་རྡོ་རྗེ་ དེ་ལས་ བུམ་ཐང་ཆུ་སྨད་-ཨུ་ར་ལས་ ཀྲོང་གསར་རྫོང་བདག་ བསོད་ནམས་རིན་ཆེན་དང་ རྒྱལ་ཡོངས་དཔེ་མཛོད་ཁང་གི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ནོར་བུ་དེ་ ངང་ལམ་འདེམས་ཁོངས་ལས་ ངོས་འཛིན་འབད་ནུག།

དེ་བཟུམ་སྦེ་ དགེ་ལེགས་ཕུག་དྲུང་པ་ བསོད་ནམས་ཚེ་རིང་དེ་ པདྨ་དགའ་ཚལ་ མཁར་-གཡུ་རུང་འདེམས་ཁོངས་ལས་ ངོས་འཛིན་འབད་ཡོདཔ་ད་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ སྡེ་ཚན་གྱི་གཙོ་འཛིན་ བཀྲིས་སྟོབས་རྒྱས་དེ་ བཀྲིས་གཡང་རྩེ་བུམ་སྡེ་གླིང་-འཇམ་མཁར་གྱི་ ངོས་འཛིན་འབད་ཡོདཔ་ད་ འབྲུག་གློག་མེ་ལས་འཛིན་གྱི་ བཀོད་ཁྱབ་མདོ་ཆེན་ མགོནམ་ཚེ་རིང་དེ་ སྤ་རོ་ རྡོ་སྒར་-ཤར་པ་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།

དེ་ལས་ མོང་སྒར་འདེམས་ཁོངས་ཀྱི་དོན་ལུ་ ཐིམ་ཕུག་ཁྲོམ་སྡེའི་ འགྲུལ་འཁོར་བཱསི་གི་མདོ་ཆེན་ བསོད་ནམས་དོན་གྲུབ་དེ་ ངོས་འཛིན་འབད་ཡོདཔ་ད་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་དབུ་འཛིན་ ཌོག་ཊར་ཀརྨ་འབྲུག་པ་གིས་ ན་ནོང་-ཤུལ་མར་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༢༦ ལུ་ ཀུན་གསལ་གྱིས་ གནས་ཚུལ་གསལ་བཀོད་འབད་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་དྲུང་ཆེན་ཡིག་ཚང་གིས་ ད་ལྟོ་ ལྡོག་ཕྱོགས་ཀྱི་འདེམས་ཁོངས་༡༤ ནང་ འདེམས་ངོ་ཚུ་ ངོས་འཛིན་འབད་ཚར་ཏེ་ཡོད་ཟེར་ བཤད་ཡོདཔ་བཞིན་དུ་ ཞི་གཡོགཔ་ཚུ་གིས་ ཚོགས་པ་ནང་ འཛུལ་ཞུགས་འབད་ནི་ལུ་ གཏན་འཁེལ་འབད་དེ་ ཟླཝ་ལང་རུང་ ལཱ་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ ཡོདཔ་ཨིན་པས།

ཨིན་རུང་ བློན་ཆེན་གྱིས་ ཞལ་འཛོམས་ནང་ གསུངས་མིའི་ནང་ ཞི་གཡོགཔ་ཚུ་ལུ་ ཚོགས་པ་ནང་ འཛུལ་ཞུགས་འབད་གནང་ཟེར་ སླབ་པའི་སྐབས་ སྲིད་བྱུས་འཁྲབ་མེན་པར་ དེ་གིས་ ཞི་གཡོགཔ་ཚུ་ལུ་ ཁོང་རའི་ ཚེ་གཡོག་དེ་ འཕྲོ་མཐུད་འབད་ནི་ལུ་ གོ་སྐབས་ཅིག་ཨིན་ཟེར་ཨིན་པས།

ཞི་གཡོགཔ་ཚུ་ ལཱ་གཡོག་ནང་ལས་ དགོངསམ་མ་ཞུ་བར་ སྲིད་དོན་དང་ ཚོགས་པའི་རྒྱབ་སྐྱོར་འབད་ནི་དང་ ཚོགས་པ་ནང་ འཛུལ་ཞུགས་འབད་ནི་ལུ་ གནང་བ་བྱིན་པ་ཅིན་ འཛོལ་བ་ཨིན་ཟེར་ཨིནམ་མ་ཚད་ སྲིད་དོན་ཚོགས་པ་ག་ཨིན་རུང་ ཞི་གཡོགཔ་ཚུ་ དགོངསམ་མ་ཞུ་བར་ ཚོགས་པ་ནང་ འདེམས་ངོ་སྦེ་ ཐོ་བཀོད་འབད་ནི་ལ་སོགས་པ་ཚུ་ འབད་མ་ཆོག་པའི་ཁར་ གནང་བ་ཡང་ བྱིན་མི་ཆོག་ཟེར་ཨིནམ་ད་ གལ་སྲིད་ གནང་བ་བྱིན་པ་ཅིན་ སྲིད་དོན་ཚོགས་པ་ གང་རུང་ཅིག་ནང་ ཐོ་བཀོད་འབད་དགོ་ཟེར་ཨིན་པས།

དེ་ཡང་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནི་དེ་ གཞི་རྟེན་ཁྱད་ཆོས་ཅིག་ཨིནམ་ད་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ཞི་གཡོགཔ་ཚུ་ ཐོ་བཀོད་ཅན་གྱི་ སྲིད་ཚོགས་ཀྱི་འཐུས་མི་སྦེ་ བརྩི་འཇོག་མེདཔ་ལས་ ཁོང་གིས་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་ནིའི་ གནང་བ་བྱིན་མི་ཆོག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཚོགས་པ་ནང་ འཛུལ་ཞུགས་འབད་དགོ་པའི་སྐོར་ལས་ ཞི་གཡོགཔ་མང་རབས་ཅིག་ལུ་ སླབ་ཅི་ཟེར་ཨིནམ་ད་ ཚོགས་པ་གཞན་མི་ཚུ་གིས་འབད་རུང་ རྒྱལ་ཁབ་ནང་ཡོད་པའི་ ལྕོགས་གྲུབ་ཅན་གྱི་ ཞི་གཡོགཔ་ཚུ་ ཚོགས་པ་ནང་ འདེམས་ངོ་སྦེ་ འཛུལ་གནང་ཟེར་ སླབ་སླབ་འོང་ཟེར་ཨིན་པས།

ཨིན་རུང་ ཞི་གཡོགཔ་ཚུ་གིས་ ཚོགས་པ་ནང་ འཛུལ་ཞུགས་འབད་ནི་ཨིན་ན་མེན་ན་དེ་ ཚོགས་པའི་ལྟ་བ་དང་ ལྕོགས་གྲུབ་ ཕན་ཁྱད་ དེ་ལས་ རྩ་བ་གསུམ་ལུ་ ཞབས་ཏོག་ཞུ་མི་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་དེ་ ཞི་གཡོགཔ་ཚུ་གིས་ མི་མང་ལུ་ ཞབས་ཏོག་ཞུ་ནིའི་ ས་གོ་གཙོ་ཅན་ཅིག་ཨིན་ཟེར་ བཤད་ཅི།

བློན་ཆེན་གྱིས་འབད་བ་ཅིན སྲིད་དོན་ཚོགས་པ་ ལེ་ཤ་ཅིག་གིས་ར་ ཚོགས་པའི་འདེམས་ངོ་ ལྕོགས་གྲུབ་ཅན་ཚུ་ བཙུགས་ནི་ལུ་ གོ་སྐབས་ལེན་ཏེ་འདུག་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ལུ་ ཚོགས་པ་ནང་ འཛུལ་ཞུགས་འབད་དགོ་པའི་སྐོར་ལས་ སླབ་མ་ཆོག་པ་ཅིན་ ཞི་གཡོགཔ་ཚུ་གིས་ ཕྱག་ཞུ་ནི་ལུ་ གོ་སྐབས་མ་བྱིནམ་བཟུམ་ཅིག་ ཨིན་མས་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་མ་བཅུག་པར་ སྲིད་དོན་གྱི་ ལཱ་འབད་བ་ཅིན་ དེ་ལུ་ སྲིད་བྱུས་འཁྲབ་དོ་བཟུམ་ཨིན་མས་ཟེར་ ཨིན་པས།

ཚོགས་པའི་འདེམས་ངོ་ ལ་ལོ་ཅིག་གིས་ འདེམས་ཁོངས་ཚུ་ནང་ ལྟ་སྐོར་སོང་ཡོད་པའི་ ཉོགས་བཤད་ཡོད་རུང་ ཚོགས་པ་གིས་འབད་བ་ཅིན་ རྒྱབ་སྐྱོར་འཚོལ་བ་མེད་པར་ གཞུང་འབྲེལ་གྱི་ གཟིགས་སྐོར་ནང་ སོང་ཡི་ཟེར་ཨིན་པས།

འབྲུག་ཕུན་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་ནི་ལུ་ ངོས་འཛིན་འབད་མི་ ཞི་གཡོགཔ་ཚུ་ དེ་འཕྲོ་ལས་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ ཞི་གཡོག་ནང་ར་ སྡོད་པ་ཅིན་ སྲིད་དང་འབྲེལ་བ་མེདཔ་སྦེ་ སྡོད་ནི་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདེམས་ངོ་ཚུ་ ཧེ་མ་ལས་ ངོས་འཛིན་འབད་དེ་ ལཱ་གཡོག་ནང་ལས་ དགོངས་ཞུ་མ་འབད་བར་ ལྟ་སྐོར་ནང་ གཏང་ནི་འདུག་ཟེར་ཨིནམ་ད་ འདེམས་ངོ་དེ་གིས་ ཁོ་རའི་འགན་ཁུར་དང་ གཞུང་གི་མཐུན་རྐྱེན་ཚུ་ ལོག་སྤྱོད་འབད་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།

འབྲུག་མི་ག་ར་ཨིན་རུང་ གདམ་ཁའི་ཐོག་ལས་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་ནི་དེ་ རང་སོའི་ཐོབ་དབང་ཨིན་རུང་ ཚོགས་པ་ནང་འཛུལ་ནི་ལུ་ ངོས་ལེན་འབད་བ་ཅིན་ ལཱ་གཡོག་ནང་ལས་ ངེས་པར་དུ་ དགོངས་ཞུ་འབད་དགོ་ཟེར་ ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *