ལྷ་གྲོང་ལུ་ སྒོ་འབྱེད་འབད་མི་ ཆེ་མཐོ་ཁྲིམས་འདུན་གྱི་ སྒྲིང་ཁྱིམ་གསར།

ཆེ་མཐོ་ཁྲིམས་འདུན་ མངོན་མཐོ་ཁྲིམས་འདུན་གྱི་ ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ།

སྤྱི་ཟླ་༦ པའི་ཚེས་༢ ལུ་ ཆེ་མཐོ་ཁྲིམས་འདུན་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི།

༉ འབྲུག་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ སྤྱི་ཟླ་༢ པའི་ཚེས་༢ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་མངའ་གསོལ་མཛད་པའི་ དུས་ཆེན་ཁྱད་པར་ཅན་གྱི་ཉིན་མར་ ཐིམ་ཕུག་ཧེ་འཇོའི་ས་གནས་ ལྷ་གྲོང་ལུ་ མངོན་མཐོ་ཁྲིམས་འདུན་ཡིག་ཚང་གི་ ས་ཁོངས་ནང་ ཆེ་མཐོ་ཁྲིམས་འདུན་སྤོ་བཤུད་འབད་བའི་ སྒོ་འབྱེད་རྟེན་འབྲེལ་མཛད་གནང་ཡི།
དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱི་ ཤར་ཁ་ཐུག་ལུ་ཡོད་མི་ ཆེ་མཐོ་ཁྲིམས་འདུན་གྱི་ ཡིག་ཚང་གསརཔ་དེ་ དྲོ་པར་རབ་གནས་འབད་བའི་ཤུལ་ལས་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་སྐྱབས་འཛིན་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ སྒོ་འབྱེད་གནང་ཡི།
མི་དབང་རྒྱལ་སྲསམོ་མཆོག་གིས་ ད་རེས་ཀྱི་ དུས་སྟོན་དེ་ ཁྲིམས་ཀྱི་གཞི་འགྱམ་དང་སྲོག་ཤིང་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལཔོ་ཚུ་ལུ་ བཀྲིན་དང་དགའ་ཚོར་ཕུལ་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་བཞིན་དུ་ ད་ལྟོ་ཚུན་ཚོད་ རྒྱལ་ཁབ་དང་ མི་སེར་ལུ་ རྩ་འགེངས་ཏེ་ ཕྱག་ཞུ་མི་ ཁྲིམས་སྤྱི་དང་ དྲང་དཔོན་བགྲེསཔ་ དེ་ལས་ ཕྱག་ལཱ་གནང་མི་ ག་ར་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་གསུངས་ཡི།
དེ་མ་ཚད་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་དང་ ད་ལྟོའི་ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ འགན་ཁུར་འཐུས་ཤོར་མེད་པར་ དྲང་ཁྲིམས་ལྷན་སྡེའི་ གནས་ཚད་དང་ ལམ་ལུགས་ཚུ་ ཧེ་མ་བ་ལྷགཔ་སྦེ་ སྒྲིང་སྒྲི་དང་ རྩ་བརྟན་བཟོ་སྟེ་ ཕྱག་ཞུ་མི་ལུ་ ངལ་རངས་སྦོམ་ཡོད་ཟེར་གསུངས་ཡི།
མི་དབང་རྒྱལ་སྲསམོ་མཆོག་གིས་ དྲན་གསལ་གནང་མིའི་ནང་ འདས་པའི་ལོ་ངོ་༥༠ འི་ན་ང་འཁོད་ བཅའ་ཁྲིམས་དང་ སྲིད་བྱུས་ཚུ་ ལེས་ཤོམ་སྦེ་བརྩམས་གནང་ ཁྲིམས་ཀྱི་གཙུག་སྡེ་གསརཔ་ གཞི་བཙུགས་འབད་དེ་ སྤྱིར་བཏང་མི་མང་ལུ་ ཁྲིམས་ཀྱི་ཞབས་ཏོག་ལེན་ནི་དེ་ སྟབས་བདེ་ཏོག་ཏོ་ ཡར་སོང་རུང་ ང་བཅས་ར་ ལེགས་ཤོམ་ཡར་སོང་ཡི་ཟེར་ མནོ་བསམ་བཏང་མ་སྡོད་པར་ རིགཔ་སྒྲིམ་དགོ་ཟེར་ཨིནམ་ད་ དུས་ཨ་རྟག་ར་ མི་སེར་ཚུ་ལུ་ ཕན་ཐོགས་ཚུགསཔ་སྦེ་ གཙོ་རིམ་བཏོན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གསར་པའི་ གྲངས་མང་ཁྲིམས་ཁྲི།

ཐབས་ལམ་འདི་ ང་བཅས་ར་ ནང་འཁོད་ལུ་ གཅིག་གིས་གཅིག་ལུ་ བློ་གཏད་དང་ཡིད་ཆེས་ མཐུན་ལམ་ཡར་རྒྱས་བཏང་སྟེ་ གཅིག་མཐུན་གྱི་སྒོ་ལས་ ཕྱག་ལཱ་གནངམ་ད་ ང་བཅས་རའི་ ཀུན་སྤྱོད་རྣམ་གཞག་དང་ བསམ་པ་སེམས་བསྐྱེད་བཟང་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ མི་དབང་རྒྱལ་སྲསམོ་མཆོག་གིས་ གསུངས་པའི་ཁར་ དེ་བཟུམ་སྦེ་ ཁྱད་རིག་ལྡན་པའི་ དྲང་ཁྲིམས་ཀྱི་ཞབས་ཏོག་ཚུ་ ཕུལ་ནི་ལུ་ གཙོ་བོར་བཏོན་ཏེ་ མི་མང་གི་ བློ་གཏད་དང་ ཡིད་ཆེས་ཡོདཔ་བཟོ་ནི་དང་ གཙུག་སྡེའི་རང་དབང་བདག་འཛིན་འབད་དེ་ སྒྲིང་སྒྲི་བཟོ་དགོ་ཟེར་ གསུངས་ཡི།
ཧེ་མའི་ས་གོ་ལས་ སྤོ་བཤུད་འབད་མི་ ཆེ་མཐོ་ཁྲིམས་འདུན་གྱི་ སྒྲིང་ཁྱིམ་གསརཔ་དེ་ནང་ ཁྲིམས་ཁྲི་༣ རེ་འབད་མི་ ཁྲིམས་འདུན་༢ དང་ ཁྲིམས་ཁྲི་༩ འབད་མི་ གྲངས་མང་ཁྲིམས་ཁྲི་༡ ཡོད་པའི་ཁར་ དྲང་དཔོན་ཚུ་གི་ ཡིག་ཚང་༩ དང་ རྩོད་དྲུང་དང་ ལས་བྱེདཔ་ཚུ་ ལཱ་འབད་སའི་ ཁང་མིག་སྦོམ་ ལེ་ཤ་འདུག།
མཐུན་རྐྱེན་ཚུ་ ལེགས་ཤོམ་ཡོད་མི་ ཁྲིམས་འདུན་གསརཔ་ལུ་བརྟེན་ ཁྲིམས་དུན་འགོ་དཔོན་ཚུ་གིས་ རང་དབང་དང་ རྣམ་དག་གི་སྒོར་ལས་ དྲང་ཁྲིམས་སྨིན་ཐབས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ ཆེ་མཐོ་ཁྲིམས་འདུན་དེ་ མངོན་མཐོ་ཁྲིམས་འདུན་གྱི་ ས་ཁོངས་ནང་ཨིནམ་ལས་ རྩ་ཕན་ཚུ་གིས་ མཐོ་གཏུགས་འབད་ནི་ལུ་ཡང་ སྟབས་བདེ་ཏོག་ཏོ་འབྱུང་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག
ཆེ་མཐོ་ཁྲིམས་འདུན་དེ་ སྤྱི་ལོ་༡༩༦༧ ཟླ་༡༡ པའི་ཚེས་༣ ལུ་ མི་དབང་ཞིང་གཤེགས་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གཞི་གནང་ཞིནམ་ལས་ཚུར་ ལོ་ངོ་༥༠ གི་ནང་འཁོད་ལུ་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ སོང་ཡོདཔ་ད་ འགོ་ཐོག་སྐབས་ ཆེ་མཐོ་ཁྲིམས་འདུན་དེ་ བཀྲིས་ཆོས་རྫོང་ནང་སྦེ་ དྲང་དཔོན་དྲགོས་རྡོ་རྡོ་དང་ དྲགོས་གཙང་གཙང་ དྲགོས་དངོས་གྲུབ་རྣམ་རྒྱལ་ དྲགོས་སྐལ་བཟང་ དྲགོས་གསེར་རྡོ་༥ དང་ ལས་བྱེདཔ་དག་པ་ཅིག་གིས་སྦེ་ བྱ་སྒོ་འཐབ་ནུག།
དེ་གི་ཤུལ་ལས་ ད་ལྟོ་ སོ་ནམ་ལྷན་ཁག་གི་ སོ་ནམ་བློན་པའི་ ཡིག་ཚང་ཡོད་སར་ སྤོ་བཤུད་འབད་དེ་ ལག་ལེན་འཐབ་ཡོདཔ་ད་ ཤུལ་ལས་ གཱོལཕ་རྩེད་ཐང་གི་ ཉེ་འདབས་ལུ་ སྤོ་བཤུད་འབད་དེ་ ད་ཚུན་གྱི་བར་ན་ ཁྲིམས་སྤྱི་༣ བརྩིས་ཏེ་ དྲང་དཔོན་༤༠ དང་ ལས་བྱེདཔ་༡༠༠ ལྷགཔ་ཅིག་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཕྱག་ཞུ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་དང་པ་ར་ དྲགོས་དཔལ་འབྱོར་འཇིགམ་སེད་རྡོ་རྗེ་གིས་ སྤྱི་ལོ་༡༩༧༣ ལས་༡༩༨ ཚུན་ ཕྱག་ཞུ་བའི་ཁར་ བློན་པོ་གཤགས་མི་ སངས་རྒྱས་དཔལ་འབྱོར་གྱིས་ སྤྱི་ལོ་༡༩༨༧-༡༩༨༩ ཚུན་དང་ ཁྲིམས་སྤྱི་བློན་པོ་སྐུ་བགྲེས་ བསོད་ནམས་སྟོབས་རྒྱས་མཆོག་གིས་ སྤྱི་ལོ་༡༩༩༡ ལས་༢༠༠༩ ཚུན་ ཕྱག་ཞུ་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་དང་པ་སྦེ་ ཕྱག་ཞུ་མི་ དྲགོས་དཔལ་འབྱོར་འཇིགས་མེད་རྡོ་རྗེ་གིས་ ཁོ་ར་ ཆེ་མཐོ་ཁྲིམས་འདུན་གཞི་བཙུགས་འབད་བའི་ ནམ་དུས་ལས་ར་ འབྲེལ་འཛིན་འབད་ཚུགས་ཡོདཔ་མ་ཚད་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་སར་ གྲལ་གཏོགས་འབད་ཚུགསཔ་ལས་ དཔའ་ཉམས་སྦོམ་བྱུང་ཡི་ཟེར་ གསུངསམ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ ཁྲིམས་སྤྱི་བློན་པོ་སྐུ་བགྲེས་༢ དང་ དེ་ལས་ ཁྲིམས་སྤྱི་བློན་པོ་བགྲེསཔ་གཤགས་མི་ སངས་རྒྱས་དཔལ་འབྱོར་དང་ འགོ་དང་པ་ ཕྱག་ཞུ་མི་ ཆེ་མཐོའི་དྲང་དཔོན་༥ འི་ནང་མི་ཚུ་ མགྲོན་བརྡ་ཐོག་ རྗེས་སུ་ཡིད་རངས་ཀྱི་ སྐུ་རྟེན་གསོལ་རས་ཚུ་གནང་ཡི།
དེ་མ་ཚད་ དུས་སྟོན་དང་འབྲེལ་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དྲང་ཁྲིམས་ལྷན་སྡེའི་མཛད་པ་བློ་ཡི་ཉིན་བྱེད་ཀྱི་དེབ་ཐེར་ གསར་བཏོན་གནངམ་དང་འབྲེལ་ རྩོམ་པ་པོ་ མངོན་མཐོ་ཁྲིམས་འདུན་གྱི་ རྩོད་དྲུང་གོངམ་ བསོད་ནམས་དཔལ་འབྱོར་ལུ་ གསོལ་རས་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *