ཆེ་མཐོ་ཁྲིམས་འདུན་གྱིས་ དམག་སྡེ་ཁྲིམས་འདུན་གྱི་ འཁྲུན་ཆོད་བསྒྱུར་བཅོས།

༉ ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ ལུང་བསྟན་ཕུག་དམག་སྡེ་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ བསྒྱུར་བཅོས་ཐོག་ བདེ་སྲུང་སྦྱོང་བརྡར་གྱི་ མ་དངུལ་ལྐོག་ཟའི་ རྩོད་དོན་ནང་ འབྲེལ་བ་ཡོད་མི་ བསྟན་སྲུང་དམག་སྡེའི་ལིང་དཔོན་ འགྱུར་མེད་དེ་ ཉེས་གྲོལ་བཏང་ནུག།
དམག་སྡེ་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་འགྱུར་མེད་ལུ་ བདུན་ཕྲག་༢ འབད་མི་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༦ པ་ འགོ་འདྲེན་འཐབ་པའི་སྐབས་ དངུལ་ཀྲམ་༡༧༤,༣༤༣ ལྐོག་ཟ་འབད་བའི་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ མཐོ་གཏུགས་ཀྱི་ སྙན་གསན་སྐབས་ ཞུ་དོ་བཟུམ་ གོང་མའི་བཀའ་དང་འཁྲིལ་ དམིགས་བསལ་གྱི་ ལས་རིམ་ཚུ་ནང་ དངུལ་རྐྱང་གི་ གསོལ་རས་བྱིན་ནི་དང་ སྦྱངམ་པོ་ཏོམ་ (བྱིང་གུམ) ཉ་རྡོ་སྲེགམ་ དེ་ལས་ ནང་འཁོད་དང་ ནང་འདྲེན་འབད་མིའི་ཆང་རིགས་ ཉོ་ནིའི་དོན་ལུ་ ལག་ལེན་འཐབ་སྟེ་ སྙོམས་སྒྲིག་འབད་ཡོདཔ་ ངེས་བརྟན་ཨིན་པའི་ བདེན་རྟགས་བྱུང་ཡི་ཟེར་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་བཀོད་ནུག།
ད་རུང་ འཁྲུན་ཆོད་ནང་ ཉེས་འཛུགས་ཅན་གྱིས་ མ་དངུལ་ལོག་སྤྱོད་འབད་བའི་སྐོར་ལས་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་མངོན་རྟགས་ སྟོན་མ་ཚུགས་ཟེར་བཀོད་ནུག།
ལིང་དཔོན་འགྱུར་མེད་ཀྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ དམག་སྡེ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ལིང་དཔོན་འགྱུར་མེད་དེ་ ཇེ་ཌི་ཚོང་ཁང་ལས་ དངུལ་ཀྲམ་༥༠,༠༠༠ གནས་པའི་ བཟའ་ཆས་དང་ ཀར་ན་བྷ་དུར་ཚོང་ཁང་ནང་ལས་ ཚོད་བསྲེ་དང་ ཤིང་འབྲས་རིགས་ཀྱི་དོན་ལུ་ དངུལ་ཀྲམ་༩༧,༠༨༨ དང་ ཤ་དང་ཉ་གི་དོན་ལུ་ དངུལ་ཀྲམ་༢༧,༢༥༥ སྙོམས་སྒྲིག་འབད་བའི་ ཉེས་འཛུགས་བཀལ་ནུག།
ལིང་དཔོན་འགྱུར་མེད་ཀྱིས་ ཞུ་མིའི་ནང་ འབྱུང་ཁུངས་ལས་བཏོགས་མི་ཁྲལ་དང་ ཅ་ཆས་ལྷག་ལུས་ལོག་སྤྲོད་མི་ཚུ་ཡང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ལྐོག་ཟའི་གྲངས་སུ་བཙུགས་ནུག་ཟེར་ཨིན་པས།
དམག་སྡེའི་ཁྲིམས་རྩོདཔ་གིས་འབད་བ་ཅིན་ ཉེས་འཛུགས་ཅན་གྱིས་ དངུལ་ཀྲམ་བསྡོམས་༤༩༤,༤༧༢ ཤ་དང་ཉ་ དེ་ལས་ ཚོད་བསྲེ་ཚུ་ལུ་ ཟད་འགྲོ་སྦེ་ ཀར་ན་བྷ་དུར་ལུ་ སྤྲོད་ཡོདཔ་སྦེ་ཨིན་་རུང་ ཀར་ན་བྷ་དུར་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བྱིན་མི་ ངག་བརྗོད་ནང་ དངུལ་ཀྲམ་༤༧༠,༡༢༩ རྐྱངམ་གཅིག་ ཐོབ་ཡོདཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལིང་དཔོན་འགྱུར་མེད་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དངུལ་ཀྲམ་༥༠,༠༠༠ ཇེ་ཌི་ཚོང་ཁང་དང་ དངུལ་ཀྲམ་༡༢༤,༣༤༣ ཀར་ན་བྷ་དུར་ལས་ སྙོས་་སྒྲིག་འབད་ཡོད་པའི་སྐོར་ལས་ ཁ་བཟེད་དེ་ཡོད་ཟེར་ ཁྲིམས་རྩོདཔ་གིས་ ཁྲིམས་འདུན་ལུ་ ཞུ་ནུག།
འཁྲུན་ཆོད་ནང་ ཆེ་མཐོ་ཁྲིམས་འདུན་ལས་ དབྱེ་ཞིབ་མཐིལ་ཕྱིན་འབད་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཐོག་མའི་ཁྲིམས་འདུན་གྱིས་ ལིང་དཔོན་འགྱུར་མེད་ཀྱིས་ འབྱུང་ཁུངས་ལས་བཏོག་པའི་ཁྲལ་ གཞུང་ལུ་ དངུལ་ཀྲམ་༡༢,༢༣༡ སྤྲོད་མི་དང་ གཉེར་ཚང་ལྷག་ལུས་དངུལ་ཀྲམ་༢༣,༠༢༧ དེ་ ཕབ་ཆག་མ་འབད་བས་ཟེར་བཀོད་ནུག།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཐོག་མའི་ཁྲིམས་འདུན་གྱིས་ མི་ཚུ་ལུ་ གསོལ་རས་བྱིན་ཡོད་མེད་དང་ བཀག་འཛིན་ཅན་གྱི་ ཅ་ཆས་རིགས་ མཁོ་སྒྲུབ་འབད་མ་འབད་ བདེན་དཔྱད་མ་འབད་བས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཁྲིམས་འདུན་གྱིས་ དབྱེ་ཞིབ་མཐིལ་ཕྱིན་འབད་བའི་སྐབས་ དངུལ་རྐྱང་གི་ གསོལ་རས་ཚུ་ཡང་ བྱིན་ཡོདཔ་མ་ཚད་ བདེ་སྲུང་ལས་རིམ་ཆ་མཉམ་ནང་ བཀག་འཛིན་ཅན་གྱི་ ཅ་ཆས་ཚུ་ཡང་ ཉོ་སྲོལ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ལིང་དཔོན་འགྱུར་མེད་ཀྱིས་ མ་དངུལ་ལོག་སྤྱོད་འབད་འབདཝ་མེན་པར་ བདེ་སྲུང་སྦྱོར་བརྡར་གྱི་དོན་ལུ་ ཟད་འགྲོ་བཏང་ཡོད་པའི་ རྒྱུ་མཚན་ཅན་གྱི་ མངོན་རྟགས་སྟོན་ཡི་ཟེར་ བཀོད་ནུག།
དེ་དང་གཅིག་ཁར་ ཐོག་མའི་ཁྲིམས་འདུན་གྱིས་ ཚོང་པ་འཕྲིན་ལས་རྒྱ་མཚོ་དང་ ཀར་ན་བྷ་དུར་༢ ལུ་ བཙོན་ཁྲིམས་བཀལ་མི་དེ་ཡང་ ཉེས་གྲོལ་བཏང་ཡོདཔ་ད་ འཁྲུན་ཆོད་ནང་ ཚོང་པ་ཚུ་གིས་ བདེ་སྲུང་སྦྱོང་བརྡར་གྱི་དོན་ལུ་ རྩིས་བཱིལ་སྙོམས་སྒྲིག་འབད་ཡོད་རུང་ སྙོམས་སྒྲིག་འབད་མིའི་ དངུལ་བསྡོམས་ལས་ ཁེ་ཕན་མ་བྱུང་པས་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *