ཆེ་མཐོ་ཁྲིམས་འདུན་གྱིས་ བདེ་སྲུང་སྦྱོང་བརྡར་ནང་འབྲེལ་བ་ཡོད་མི་༣ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ བསྟན་སྲུང་དམག་སྡེའི་འགོ་དཔོན་༢ དང་ དམག་མི་༡ ལུ་ བདེ་སྲུང་སྦྱོང་བརྡར་གྱི་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ལས་ བཙོན་ཁྲིམས་ལོ་༡ རེ་བཀལ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ཚུ་ལུ་ ཐོག་མའི་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལས་བསྒྱུར་བཅོས་འབད་དེ་ བཙོན་ཁྲིམས་ཀྱི་ཚབ་ལུ་ འཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
ལིང་དཔོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་ བདེ་སྲུང་ཤོ་ཐེངས་༨ པ་དང་༢༠ པའི་སྐབས་ བདག་སྐྱོང་འགོ་དཔོན་གྱི་ འགན་ཁུར་འབག་པའི་སྐབས་ དངུལ་ཀྲམ་༡༩,༤༥༧ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་ཕོག་ཡོདཔ་ད་ མ་དངུལ་དེ་ཡང་ ཁོ་གིས་བྱིན་མི་རྩིས་ཁྲ་དང་ ཚོང་པ་ཚུ་གིས་བྱིན་མི་༢ ཀྱི་བར་ན་ ཁྱད་པར་ཐོན་མི་དེ་ཨིན་པས།
ཨིན་རུང་ ཁྲིམས་འདུན་གྱིས་ བདེ་སྲུང་ཤོ་ཐེངས་༢༠ པའི་དོན་ལུ་བཞག་མི་ཟད་འགྲོ་ལས་ དངུལ་ཀྲམ་༤༠༦,༣༥༥ ཡོད་མི་དེ་ ལོག་སྤྱོད་འབད་བའི་ ར་ཁུངས་མ་ཐོནམ་ལས་ ཉེས་གྲོལ་གཏང་ནུག།
དེ་ལས་ ཁྲིམས་འདུན་གྱིས་ ལིང་དཔོན་ ཀུན་དགའ་ནོར་བུ་དང་ ཁོ་རའི་ལས་རོགསཔ་ དཔལ་རྒྱབ་དབང་ཕྱུག་གཉིས་ཀྱིས་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་སྐབས་དངུལ་ཀྲམ་༣༤༨,༧༨༤ དང་ བདེ་སྲུང་ཤོ་ཐེངས་༡༨ པའི་སྐབས་དངུལ་ཀྲམ་༢༨༦,༢༦༩ འབདཝ་ད་ བསྡོམས་ཀྱིས་དངུལ་ཀྲམ་༦༣༦,༠༥༣ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་ཡོདཔ་ད་ མ་དངུལ་དེ་ཡང་ ཁོང་གཉིས་ཀྱིས་ དངུལ་ཀྲམ་༣༡༨,༠༢༦ རེ་ སོར་ཆུད་འབད་དགོ་ནི་ཨིན་པས།
ཁྲིམས་འདུན་གྱིས་ ཁོང་གཉིས་ཀྱིས་ མ་དངུལ་སྙོམས་སྒྲིག་འབད་མི་ དཔེར་ན་ བཀག་དམ་ཅན་གྱི་ཟ་ཆས་ཚུ་གི་དོན་ལུ་ རྩིས་སྒྲིག་འབད་མི་ཚུ་ ངོས་ལེན་འབད་ཡོདཔ་ཨིན་པས།
ཁོང་གཉིས་ལུ་ ལོག་འདྲེན་དང་ ཡི་གུ་རྫུས་བཟོ་འབད་བའི་ ཉེས་འཛུགས་དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༣༠༢ དང་༡༢༦ པ་ལྟར་ བཙོན་ཁྲིམས་བཀལ་ནུག།
དམག་སྡེའི་ཁྲིམས་འདུན་གྱིས་ ཀུན་དགའ་ནོར་བུ་ལུ་ མ་དངུལ་ལོག་སྤྱོད་ཐེངས་༢ འབད་བའི་ ཉེས་འཛུགས་འབད་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ དངུལ་ཀྲམ་ས་ཡ་༡.༡ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བྱིན་ནུག།
དེ་ཡང་ ཁོ་གིས་ ཚོང་ཁང་༤ དེ་ཅིག་ནང་ལས་ རྩིས་མཐོ་སུ་བཟོ་སྟེ་ དངུལ་ཀྲམ་༥༨༠,༠༠༠ དེ་ཅིག་ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཁོང་གཉིས་ཀྱིས་ ཉེས་འཛུགས་ཀྱི་སྒྲུབ་བྱེད་ཚུ་ཡང་ གཅིག་ཁར་ཕུལ་ཡོད་པའི་ཁར་ ལཱ་ཡང་གཅིག་ཁར་འབད་ཡོདཔ་ལས་ ཉེས་འཛུགས་ཡང་ གཅིག་མཚུངས་ཕོག་དགོ་ཟེར་བཀོད་ཡོདཔ་ད་ ཉེས་ཅན་ཚུ་གིས་ མཐོ་གཏུགས་འབད་ནིའི་དོན་ལུ་ ཉིན་གྲངས་༡༠ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *