ཆེ་མཐོ་ཁྲིམས་འདུན་གྱིས་ བཀྲིས་སྒེར་སྡེ་ལུ་ ཚོང་འབྲེལ་གཡོ་སྒྱུ་འཐབ་པའི་ ཉེས་ཆད་བཀལ་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱི་ཁྲིམས་ཁྲི་དང་པ་གིས་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ ཨེསི་ཀེ་ཌབ་ལུ་ བཀྲིས་ལྕགས་དང་ ཨེ་ལོ་ཡེསི་སྒེར་སྡེ་ (བཀྲིས) གིས་ རྒྱ་གར་གྱི་ཁྲོས་སྡེ་ མཱོམ་བ་ཡེ་ལུ་ཡོད་མི་ མཱའི་ནིགསི་ མེ་ཊ་ལུར་ཇི་ཀཱལ་ལས་སྡེ་ལུ་ ཟླཝ་༡ གི་ནང་འཁོད་ལུ་ དངུལ་ཀྲམ་ས་ཡས་༡༠.༩༥ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
སྤྱི་ལོ་༢༠༡༣ དང་༢༠༡༥ འི་བར་ན་ བཀྲིས་སྒེར་སྡེ་དང་ རྒྱ་གར་གྱི་ལས་སྡེའི་བར་ན་ ཚོང་འབྲེལ་འཐབ་ཡོདཔ་ད་ སྤྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༩ ལུ་ བཀྲིས་སྒེར་སྡེའི་ ཡོངས་ཁྱབ་འཛིན་སྐྱོང་པ་དང་ མཱའི་ནིགསི་ མེ་ཊ་ལུར་ཇི་ཀཱལ་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་༢ ནིའུ་ལྡི་ལི་ལུ་ཡོད་མི་ ར་ཌེ་སཱན་ཟ་ཁང་ནང་ཕྱད་དེ་ ཡོངས་ཁྱབ་འཛིན་སྐྱོང་པ་ ཀི་ལི་རེ་ནཱར་གྱིས་ ཟླཝ་༡ གི་ནང་འཁོད་ ལས་སྡེ་དེ་ལུ་ ཀཱལ་སི་ཡམ་ སི་ལི་ས་ཡེཌ་ མེ་ཊིག་ཊཱོན་༡༠༠ བཀྲམ་སྤེལ་འབད་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
བཀྲམ་སྤེལ་དེ་གི་དོན་ལུ་ བཀྲིས་སྒེར་སྡེ་གིས་ སླབ་མི་དང་འཁྲིལ་ སྤྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༢༡ ལུ་ མཱའི་ནིགསི་ མེ་ཊ་ལཱུར་ཇི་ཀལ་ལས་སྡེའི་ ཁ་ཐུག་ལས་ སྔོན་བྱིན་དངུལ་ཀྲམ་ས་ཡ་༡༠ བཀྲིས་སྒེར་སྡེའི་ རྩིས་ཁྲ་ནང་ བཙུགས་ཡོད་རུང་ ལས་སྡེའི་ཚོང་འབྲེལ་མཉམ་རོགས་ ཨེསི་ཀེ་ཌབ་ལུ་ ཨིསི་ཊཱལ་ མེ་ཊ་ལུར་ཇི་གཞི་བཟུང་དང་ ཨེསི་ ཀེ་ཌབ་ལུ་ བཀྲིས་ལྕགས་དང་ ཨེ་ལོ་ཡེསི་སྒེར་སྡེའི་བར་ན་ བྱ་སྟབས་མ་བདེཝ་ཐོན་པའི་ཤུལ་ལས་ བཀྲིས་སྒེར་སྡེའི་ ཐོན་སྐྱེད་ལུ་ བར་ཆད་བྱུང་ཡོདཔ་ཨིན་པས།
བཀྲིས་སྒེར་སྡེ་དེ་ ནིའུ་ལྡི་ལི་ལུ་ ཞལ་འཛོམས་མ་ཚོགས་པའི་ ཟླཝ་༢ ཀྱི་ཧེ་མར་ སྤྱི་ལོ་༢༠༡༥ ཟླ་༧ པ་ལས་ཚུར་ སྒོ་བསྡམས་ཡོད་རུང་ ཟླཝ་༡ གི་རྒྱབ་ལས་ ཚོང་མགྲོན་པ་ རྒྱ་གར་གྱི་ ལས་སྡེ་གིས་ བཀྲམ་སྤེལ་གྱི་སྐོར་ལས་ ལོ་རྒྱུས་སླབ་པར་ འགོ་དཔོན་ཅིག་བཏངམ་ད་རྐྱངམ་གཅིག་ སྒོ་བསྡམས་ཡོད་པའི་སྐོར་ལས་ ཤེས་ཡོདཔ་ད་ ཏི་རུ་ཚུ་ ལོག་དགོ་པའི་སྐོར་ལས་ ག་དེ་ཅིག་སླབ་སྟེ་འབད་རུང་ བྱིན་མ་བཏུབ་པར་བཞག་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ དབྱེ་ཞིབ་འབད་བའི་སྐབས་ ལས་སྡེ་གིས་ བཀྲམ་སྤེལ་འབད་མི་ཚུགས་ནི་ཨིནམ་ཤེས་བཞིན་དུ་ ཚོང་འབྲེལ་དོན་ལུ་ ཏི་རུ་ལེན་ནུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ད་ ཚོང་འབྲེལ་དང་ རྒྱུས་དངོས་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལཝ་ད་ ལས་སྡེ་གཉིས་ཀྱི་བར་ན་ ཏི་རུའི་སྐོར་ལས་ གན་ཡིག་ག་ནི་ཡང་ བཟོ་སྟེ་མེད་རུང་ བློ་གཏད་དེ་ ཏི་རུ་སྤྲོད་ཡོད་པའི་ སྒྲུབ་བྱེད་ཡོདཔ་ལས་ དེ་གིས་ གན་ཡིག་བཟུམ་སྦེ་ ཆ་གནས་འབདཝ་ཨིན་ཟེར་བཀོད་ནུག།
བཅའ་ཁྲིམས་དེ་གི་ དོན་ཚན་༦༡.༢ དང་༦༡.༣ དེ་ལས་༦༢ པ་དང་འཁྲིལཝ་ད་ ཚོང་ཉོ་མི་དེ་གིས་ བཙོང་མིའི་ཁ་ཐུག་ལས་ གློ་བུར་ ཡང་ཅིན་ གློ་བུར་མེད་པའི་དབང་དུ་བཏང་རུང་ རྒུད་འཐུས་འཐོབ་ནིའི་ འོས་འབབ་ཡོདཔ་སྦེ་བཀོད་དེ་འདུག་ཟེར་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བཀྲིས་སྒེར་སྡེའི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཀི་ལི་རེ་ནཱར་གྱིས་ ངོ་ཚབ་འབད་དེ་ ཚོང་འབྲེལ་འཐབ་ཡོད་རུང་ ལས་སྡེ་སྒོ་བསྡམས་པའི་སྐོར་ལས་ གསང་བཞག་སྟེ་ བཀྲམ་སྤེལ་འབད་མི་ཚུགས་ནི་ཨིནམ་ཤེས་རུང་ སྔོན་བྱིན་ལེན་འབག་མི་དེ་ གཡོ་སྒྱུའི་གྲངས་སུ་ ཚུད་འོང་ཟེར་བཀོད་ནུག།
བཀྲིས་སྒེར་སྡེ་གིས་ བཀྲམ་སྤེལ་འབད་མ་ཚུགས་པའི་ཤུལ་ལས་ མཱའི་ནིགསི་ མེ་ཊ་ལུར་ཇི་ཀཱལ་ལས་སྡེ་གིས་ རྒྱ་གར་དང་ ཧོང་ཀོང་ལུ་ཡོད་མི་ ལས་སྡེ་གཉིས་ནང་ལས་ གོང་ཚད་མཐོ་སུ་སྦེ་སྤྲོད་དེ་ ཉོ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ འབྲུག་པའི་ལས་སྡེ་ལུ་ ཧོང་ཀོང་དང་ རྒྱ་གར་ལས་ གོང་ཚད་མཐོ་སུ་སྦེ་ སྤྲོད་དགོ་མི་དེ་ཡང་ བཏབ་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ད་ ལས་སྡེ་ཚུ་གིས་ ཚོང་འབྲེལ་ཡིག་ཆ་ལུ་ ཐོ་མ་ཕོག་པར་ དྲང་བདེན་དང་ བརྩི་བཀུར་ཐོག་ལས་འབད་དགོ་ཟེར་བཀོད་ནུག།
དེ་མ་ཚད་ འབྲུག་པའི་ཚོང་འབྲེལ་དེ་ ཚོང་འབྲེལ་ལེགས་ཤོམ་སྦེ་འབད་མི་དང་ བློ་གཏད་ཐོག་ལས་འབད་མི་ལུ་ རག་ལསཔ་ལས་ རྒྱལ་སྤྱིའི་ཚོང་འབྲེལ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ འབྲུག་པའི་ཚོང་འབྲེལ་བ་ཚུ་གིས་ ཡིད་ཆེས་ཡོདཔ་སྦེ་ འབད་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
རྒྱ་གར་གྱི་ ལས་སྡེ་གིས་ བློ་གཏད་དེ་འབད་མི་ལུ་ ཐོ་ཕོག་མི་དང་ ཐད་ཀར་ཟད་འགྲོ་གཏང་དགོ་མི་ དེ་ལས་ ཚོང་འབྲེལ་འཐབ་པའི་སྐབས་ རྒུད་ཕོག་མི་ཚུ་ལུ་ རྒུད་འཐུས་དགོ་པའི་ ཐོབ་བརྗོད་བཀོད་ཡོད་པའི་ཁར་ འབྲུག་པའི་ལས་སྡེ་ལུ་ སྔོན་བྱིན་བྱིན་པའི་ སྐྱེད་ཚུ་དགོ་པའི་ ཞུ་བ་འབད་ནུག།
ཨིན་རུང་ ཁྲིམས་འདུན་གྱིས་ སྔོན་བྱིན་མ་དངུལ་ལུ་ སྐྱེད་ཐོབ་ཐབས་མེད་པའི་ཁར་ རྒུད་འཐུས་གཞན་ཚུ་ཡང་ ཐོབ་ལམ་མིན་འདུག་ཟེར་ འཁྲུན་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *