༉ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ དབང་འདུས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ པ་སངས་འཕྲིན་ལས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༣༠ ལུ་ བཙག་འཐུ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་དེ་ ཕྱིར་འབུད་འབད་ཡི།
པ་སངས་འཕྲིན་ལས་ཀྱིས་ རྫོང་ཁག་ནང་ལས་ ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་དེ་ ཕམ་སོ་པའི་ཤུལ་ལས་ བཙག་འཐུ་དང་འབྲེལ་བའི་ ངན་ལྷད་ཁག་བཞི་ལུ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ནུག།
པ་སངས་འཕྲིན་ལས་ཀྱིས་ དགའ་སེང་ཚེ་གོངམ་གི་རྒཔོ་ ཀུན་ལེགས་རྒྱལ་མཚན་གྱིས་ བཙག་འཐུའི་ཉིནམ་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ ཉིནམ་ཅིག་ར་སྡོད་མི་དེ་ལུ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཁོ་གིས་ གནད་དོན་དེ་ལུ་ མི་ངོམ་བདུན་གྱི་ངག་བརྗོད་ལེན་ཏེ་ ཁྲིམས་འདུན་ལུ་ཕུལ་ཡོད་རུང་ ཁྲིམས་འདུན་གྱིས་ ངག་བརྗོད་ཚུ་ ཞུ་ཡིག་དང་གཅིག་ཁར་ ཕུལ་དགོཔ་ཨིན་པའི་ཁར་ ངག་བརྗོད་དེ་ལུ་ འབྲེལ་ཡོད་དབང་འཛིན་ལུ་ བྱིན་ཏེ་མེདཔ་ལས་ ངོས་ལེན་འབད་ཐབས་མིན་འདུག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ ཁྲིམས་དོན་འགོ་དཔོན་གྱིས་ རྒཔོ་དེ་གིས་ དྲོ་པ་ ཚོགས་རྒྱན་བཙུགས་པར་ འོང་པའི་སྐབས་ མི་ལེ་ཤ་གྱལ་བསྣར་ཏེ་ཡོདཔ་ལས་ ཕྱི་རུ་ཁམས་ ལོག་འོང་ནི་སྦེ་ ལོག་ཁྱིམ་ནང་སོང་ཞིནམ་ལས་ ཕྱི་རུ་ཁམས་ཅིག་ཁར་ ཚོགས་རྒྱན་བཙུགས་པར་ ལོག་འོང་ནུག་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་བཀའ་རྒྱ་དང་འཁྲིལཝ་ད་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་༢༠༠༨ ཀྱི་ དོན་ཚན་༤༦༦ པ་དང་༤༧༩ པའི་ འབྲུག་གི་བཙག་འཐུའི་རྩོད་ཉོགས་སེལ་ཐབས་བཅའ་ཡིག་དང་འཁྲིལཝ་ད་ ཞུ་ཡིག་དེ་ ལྷན་ཚོགས་བརྒྱུད་དེ་ འོང་དགོཔ་ཨིན་རུང་ ལམ་ལུགས་དང་མ་འཁྲིལ་བར་འབད་ཡོདཔ་ལས་ ཞུ་བ་དེ་ ངོས་ལེན་འབད་ཐབས་མིན་འདུག་ཟེར་བཀོད་ནུག།
དེ་བཟུམ་སྦེ་ རྒེད་འོག་དེ་གི་ཚོགས་པ་ པདྨ་རྡོ་རྗེ་གིས་ཡང་ ཅང་ཅེ་མ་ས་སྤོག་ཏོ་གི་ ཚོགས་རྒྱན་ས་ཁོངས་ནང་ ཉིནམ་ཅིག་སྡོད་དེ་ པར་བཏབ་པའི་སྐོར་ལས་ ཞུ་བ་འབད་མི་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པ་དེ་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ བཙག་འཐུའི་འགོ་དཔོན་ཚུ་ལུ་ གྲོགས་རམ་འབད་དེ་ བཙག་འཐུའི་པར་ཚུ་ གཏང་ནི་ལུ་ ཆ་རོགས་འབད་བཅུག་ནུག་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༡༩༦ འོང་ཡོད་རུང་ གསལ་སྟོན་འབད་བའི་སྐབས་༡༨༡ འབད་ཡི་ཟེར་ ཞུ་མི་དེ་ བདེན་ཁུངས་མེད་པའི་གནད་དོན་ཨིནམ་སྦེ་ བཀོད་ཡོད་པའི་ཁར་ ཚོགས་རྒྱན་གྱི་གྱངས་ཁ་དེ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་གཉིས་ཀྱི་ གྲུབ་འབྲས་ཨིན་མས་ཟེར་བཀོད་ནུག།
གནད་དོན་དེ་ལུ་ ཁྲིམས་འདུན་གྱིས་ དབྱེ་ཞིབ་མཐིལ་ཕྱིན་འབད་བའི་ཤུལ་ལས་ ཉེས་འཛུགས་དེ་ཚུ་ བདེན་པ་མེདཔ་སྦེ་ ཐོན་ཡི་ཟེར་ཨིན་པའི་ཁར་ བཀྲིས་རྡོ་རྗེ་གིས་ སྤྱི་ཟླ་༢ པའི་ཚེས་༣༡ ལུ་ རིན་ཆེན་སྒང་སྤྱི་འོག་ནང་སོང་སྟེ་ དེ་ནང་གི་ མི་ཚུ་ལུ་ དངུལ་ཀྲམ་༡༠,༠༠༠ བྱིན་ཡོད་མི་དེ་ཡང་ བཙག་འཐུའི་དུས་ཚོད་སྐབས་ བྱིན་བྱིནམ་མེན་པས་ཟེར་ཨིན་པའི་ཁར་ དེ་སྦེ་མེན་རུང་ གནད་དོན་དེ་ འབྲེལ་ཡོད་དབང་འཛིན་ལུ་ ཞུ་བ་འབད་དེ་ དེ་བསྟུན་གྱི་ ཞིབ་དཔྱད་ཚུ་འབད་དགོཔ་ཨིན་རུང་ཁྲིམས་འདུན་གྱིས་ ལོགས་སུ་སྦེ་ ཞིབ་དཔྱད་འབད་ཐབས་མིན་འདུག་ཟེར་ཨིན་པས།
དེ་ལས་ བཀྲིས་རྡོ་རྗེ་གིས་ ར་བྲག་ཕན་བདེ་ཚོགས་པ་ལུ་ སྣུམ་འཁོར་བོ་ལི་རོ་ཅིག་ བྱིན་ཡོད་མི་དང་ རྒེད་འོག་༡༥ ལུ་ སྐུ་རེ་བྱིན་ཡོད་མི་དེ་ཡང་ བདེན་ཁུངས་མེད་པའི་ ཞུ་བ་ཨིནམ་སྦེ་ བཀོད་ནུག།
ཚོགས་པ་བཟོ་མི་དང་ སྐུ་བྱིན་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་འབྲེལ་བ་མེད་པའི་ཁར་ གནད་དོན་དེ་ ཞི་བའི་ལས་ཚོགས་ཀྱི་ བཅའ་ཁྲིམས་འོག་ལུ་ ཚུདཔ་མས་ཟེར་ཨིན་པས།
པ་སངས་འཕྲིན་ལས་ཀྱིས་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཀྱི་ དོན་ཚན་༤༦༧ དང་འཁྲིལ་ མཐོ་གཏུགས་འབད་ཡི་ཟེར་ ཞུ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་སྡེའི་བཙག་འཐུ་དང་འབྲེལ་བའི་ གནད་དོན་ཐོནམ་ད་ ཐག་གཅད་ནིའི་དབང་འཛིན་དེ་ ཆེ་མཐོ་ཁྲིམས་འདུན་འོང་དགོ་ནི་ཨིན་རུང་ དེའི་དོན་ལུ་ ཁྲིམས་འདུན་གྱིས་ ག་ནི་ཡང་ བཀོད་དེ་མིན་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁྲིམས་འདུན་གྱི་བཀའ་རྒྱ་ལུ་ མཐོ་གཏུགས་འབད་ནིའི་སྐོར་ལས་ ཐག་མ་བཅད་པར་ཡོད་རུང་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་ནིའི་ རེ་བ་སྡོད་ཡི་ཟེར་ཨིནམ་ད་ བཀྲིས་རྡོ་རྗེ་གིས་ བཀའ་རྒྱ་དེ་ལུ་ ག་ནི་ཡང་ སླབ་ནི་མེད་ཟེར་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།