ཆུའི་ལྷན་ཚོགས་ གཞི་བཙུགས་འབད་ནི་ ཁྲིམས་མཐུན་ཨིན་ན?

༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་གི་མི་སེར་ཚུ་ ལཱ་འབད་ནིའི་དུས་ཚོད་སྐབས་ ཆུ་གཡུར་གྱི་ དཀའ་ངལ་ལུ་བརྟེན་ ལོ་བསྟར་བཞིན་དུ་ འུར་བྱེལ་འཐབ་དོ་ཡོདཔ་ཨིན་རུང་ སང་ཕོད་ལས་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
དེ་ཡང་ གཞུང་གིས་ རྒྱལ༌ཁབ༌ནང༌ ཆུའི་ལྷན་ཚོགས་ གཞི་བཙུགས་འབད་ཐོག་ལས་ དཀའ་ངལ་དེ་ སེལ་ནི་ཨིནམ་མ་ཚད་ ལྷན་ཚོགས་ཀྱིས་ ཁྲོམ་ནང་འཁོད་ལུ་ཡང་ འཐུང་ཆུའི་དཀའ་ངལ་ སེལ་ནི་ཨིན་པས།
ལྷན་ཚོགས་གཞི་བཙུགས་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་ཀྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ རྒྱལ་ཡོངས་ཚོགས་འདུ་ནང་ གསལ་ཞུ་འབད་ཡི།
ཨིན་རུང་ བློན་ཆེན་གྱིས་ རྒྱལ་ཁབ་ནང་ ཆུའི་ལྷན་ཚོགས་ གསལ་བསྒྲགས་འབད་བའི་ཤུལ་ལས་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ཚུ་གིས་ དགག་པ་རྐྱབ་ཡོདཔ་ད་ རྒྱལ་ཁམས་ཀྱི་ གནས་སྟངས་གསལ་ཞུའི་ བར་མཚམས་ལེན་པའི་སྐབས་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཁོ་རའི་ འཐུས་མི་ཆ་རོགས་ཚུ་ལུ་ ལྷན་ཚོགས་དེ་ ཆུའི་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལ་ མིན་འདུག་ཟེར་ སླབ་ནུག།
ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་དང་འབྲེལ་བའི་གནད་དོན་ཚུ་ ལྟ་དོ་ཡོདཔ་ལས་ ལོགས་སུ་སྦེ་ ལྷན་ཚོགས་ཅིག་ གཞི་བཙུགས་འབད་དགོཔ་མེད་པའི་ཁར་ ཁྲིམས་མཐུན་ཡང་ མིན་འདུག་ཟེར་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་དེ་ རྒྱལ་ཁབ་ནང་ ཆུ་འཛིན་སྐྱོང་འབད་ནིའི་ དབང་འཛིན་ཅིག་ཨིན་ཟེར་ཨིནམ་ད་ ཆུའི་བཅའ་ཁྲིམས་དེ་ཡང་ ཆུ་དེ་ ཁག་ཆེ་དྲགས་དང་ ཆུ་དང་འབྲེལ་བའི་གནད་དོན་ཚུ་ སེལ་ཐབས་འབད་ནི་ལུ་ བཟོ་ཡི་ཟེར་ཨིན་པས།
ད་རེས་ ཆུའི་དཀའ་ངལ་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོན་དགོ་མི་དེ་ཡང་ གཞུང་དང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་དེ་ ལག་ལེན་འཐབ་ནི་ལུ་ འཐུས་ཤོར་བྱུང་མི་དེ་གིས་ཨིན་ཟེར་ རྡོ་རྗེ་དབང་འདུས་གྱིས་ སླབ་ཡོདཔ་ད་ བློན་ཆེན་དེ་ ལྷན་ཚོགས་ཀྱི་ ཁྲི་འཛིན་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ཚོགས་ནང་ ཆུའི་དཔྱད་ཡིག་ཐོག་ལུ་ འགྲན་བསྡུར་འབདཝ་ད་ ཆུའི་ལྷན་ཚོགས་ གཞི་བཙུགས་འབད་དགོཔ་ཨིན་ན་དང་ མེད་ནའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་བཞིན་དུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་འཛིན་སྐྱོང་འབད་ནི་ལུ་ དབང་འཛིན་དང་ལྷན་ཚོགས་ ལོགས་སུ་སྦེ་ གཞི་བཙུགས་འབད་མ་དགོཔ་སྦེ་ གྲོས་ཐག་བཅད་དེ་ ཡོད་ཟེར་ཨིན་པས།
རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ལྷན་ཚོགས་གཞི་བཙུགས་འབད་ནིའི་སྐོར་ལས་ གསལ་བསྒྲགས་འབད་མི་དེ་ མངོན་གསལ་ཅན་ཅིག་ཨིན་པའི་ མཐོང་སྣང་བྱུང་ནུག་ཟེར་ཨིནམ་ད་ ཨིན་རུང་ དོན་ལུ་བལྟ་བ་ཅིན་ གཞུང་གིས་ བཅའ་ཁྲིམས་དེ་ ལག་ལེན་འཐབ་ནི་ལུ་ འཐུས་ཤོར་བའི་ བརྡ་མཚོན་ཅིག་ཨིན་མས་ཟེར་ཨིན་པས།
ཆུའི་བཅའ་ཁྲིམས་ ལག་ལེན་འཐབ་པ་ཅིན་མ་གཏོགས་ ལྷན་ཚོགས་གཞི་བཙུགས་འབད་ནི་ལུ་ ཁྲིམས་མཐུན་མི་འགྱོ་ནི་མས་ཟེར་ཨིནམ་ད་ གཞུང་གིས་ བཅའ་ཁྲིམས་དེ་ ལག་ལེན་འཐབ་པ་ཅིན་ ཆུ་དང་འབྲེལ་བའི་གནད་དོན་ཚུ་ སེལ་ཚུགས་ཟེར་ཨིན་པས།
བཅའ་ཁྲིམས་ནང་ གསལ་བཀོད་འབད་མིའི་ནང་ བཅའ་ཁྲིམས་དེ་ རྒྱལ་ཁབ་ཀྱི་ ཆུ་འཛིན་སྐྱོང་ག་རའི་ནང་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ ཨིན་རུང་ བཅའ་ཁྲིམས་ནང་ ཆུའི་ལྷན་ཚོགས་ཅིག་ ལོགས་སུ་གཞི་བཙུགས་འབད་དགོཔ་སྦེ་ འཁོད་དེ་མེདཔ་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་དེ་ བཅའ་ཁྲིམས་ལག་ལེན་འཐབ་མི་ ལས་སྡེ་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ བཅའ་ཁྲིམས་ཀྱི་ དོན་ཚན་༡༢ པ་དང་འཁྲིལཝ་ད་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་དེ་ རང་དབང་ཅན་གྱི་ དབང་འཛིན་ཅིག་ཨིནམ་ད་ ལྷན་ཚོགས་དེ་གིས་ བཅའ་ཁྲིམས་དེ་གིས་སྤྲོད་མི་ དབང་ཚད་དང་ ལཱ་འགན་ཚུ་ བསྟར་སྤྱོད་འབད་དགོ་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ ཆུའི་ལྷན་ཚོགས་དེ་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ནི་ཨིན་རུང་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ ལྷན་ཚོགས་གཞི་བཙུགས་འབད་ནི་དེ་ ཁྲིམས་མཐུན་མིན་འདུག་ཟེར་ སླབ་མི་ལུ་ བློན་པོ་གིས་ ག་ནི་ཡང་ གསུངས་མ་བཏུབ།
རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ གསལ་ཞུ་འབད་བའི་སྐབས་ བློན་ཆེན་གྱིས་ གསུངས་མིའི་ནང་ ད་རེས་ སོ་ནམ་ལས་སྡེ་ནང་ དཀའ་ངལ་སྦོམ་ཤོས་གཅིགཔོ་དེ་ འགྲུལ་སྐྱོད་ཆུ་གཡུར་གྱི་ མཐུན་རྐྱེན་དེ་ ཨིན་མས་ཟེར་ཨིནམ་ད་ རྒྱལ་ཁབ་གོང་འཕེལ་གྱི་ལས་སྣ་ ལམ་སེལ་དང་ བཟོ་སྐྲུན་གྱི་ ལཱ་ཚུ་ལུ་བརྟེན་ རྒྱལ་ཁབ་ནང་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ ཡོད་ཟེར་ཨིན་པས།
ཆུའི་ལྷན་ཚོགས་དེ་ གཞི་བཙུགས་འབད་ཞིནམ་ལས་ ཆུ་གཡུར་གྱི་དཀའ་ངལ་ཚུ་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཁྲོམ་ཚོགས་ནང་ དུས་རྒྱུན་དུ་ འཐུང་ཆུ་འོང་ནི་མེད་པའི་ དཀའ་ངལ་ཡང་ སེལ་ཚུགས་ཟེར་ བློན་ཆེན་གྱིས་ བཤད་ཅི།
ལྷན་ཚོགས་ཀྱི་ འགན་ཁུར་དེ་ཡང་ རྒྱལ་ཁབ་ནང་ མི་སེར་ཚུ་ལུ་ འཐུང་ཆུ་ལངམ་སྦེ་ བཀྲམ་ནི་དང་ སོ་ནམ་ས་ཞིང་ཚུ་ནང་ ཞིང་ཆུ་ཚུ་ ལངམ་སྦེ་བྱིན་ནིའི་ སྲིད་བྱུས་ཚུ་བཟོ་ནི་ཨིན་པས།
འཆར་གཞི་༡༡ པའི་ ལོ་༤ གི་ནང་འཁོད་ལུ་ གཞུང་གིས་ ཆུ་གཡུར་ཀི་ལོ་མི་ཊར་༦༨༠ བཟོ་སྐྲུན་དང་ ཉམས་བཅོས་ཚུ་ འབད་ཡོད་རུང་ གྲུབ་འབྲས་འཐོན་མ་ཚུགས་པས།
རྒྱལ་ཁབ་ནང་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་༣༣༩ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ མ་དངུལ་དེ་ཡང་ ཆུ་གཡུར་བཟོ་སྐྲུན་འབད་ནི་དང་ ཆུ་གཡུར་ཀི་ལོ་མི་ཊར་༡༣༠ དེ་ཅིག་ ཉམས་བཅོས་འབད་ནི་ལུ་ ལག་ལེན་འཐབ་ནི་ཨིན་པས།
འཐུང་ཆུ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ད་རུང་ གཞུང་གིས་ དངུལ་ཀྲམ་ས་ཡ་༣༥༨ བགོ་བཀྲམ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *