ཆུའི་བཅའ་ཁྲིམས་དང་སྒྲིག་གཞི་ བསྟར་སྤྱོད་འབད་མ་ཚུགས་པའི་དཀའ་ངལ།

༉ སྤུ་ན་ཁ་ རྟ་ལོག་རྒེད་འོག་གི་ སྤྱི་འོག་གསུམ་གྱི་དོན་ལུ་ འཐུང་ཆུ་བཏོན་ནི་སྦེ་ ཆུ་མཛོད་དང་ ཆུ་དུང་ཚུ་ གྲ་སྒྲིག་འབད་ཚར་ཡོད་མི་དེ་ སྟོད་སྦིས་རྒེད་འོག་གི་ མི་སེར་ཚུ་གིས་ མེདཔ་བཏང་མི་ལུ་བརྟེན་ ད་རེས་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེ་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་གི་གཡུས་ཚན་ གུང་ཁྲ་མོ་དང་ ལབ་རྩ་ཁ་ དེ་ལས་ གསོལཝ་དྲང་སའི་ སྤྱི་འོག་༣ ནང་ འཐུང་ཆུ་མེད་པར་ ལོ་ལེ་ཤ་ལང་ཡོད་པའི་ དཀའ་ངལ་སེལ་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ ས་ཡ་༡.༧ ཟད་འགྲོ་བཏང་སྟེ་ སེལ་ཡོད་པའི་ ཆུ་གཡུར་དང་ ཆུ་མཛོད་ཚུ་ སྟོད་པའི་རྒེད་འོག་ རི་ན་ཁ་གཡུས་ཚན་གྱི་ མི་སྡེ་ཚན་ཅིག་གིས་ མེདཔ་བཏང་མི་ལུ་བརྟེན་ རྩོད་གཞི་ཕྱེ་དགོཔ་ ཐོན་ཡོདཔ་ཨིན་པས།
རྟ་ལོག་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ རྟ་མགོ་ལུངམ་གི་ རོང་ཆུའི་རྐ་དང་ དེའི་ཉེ་འདབས་ལུ་ ཆུ་མཛོད་༦ དེ་ཅིག་རྐྱབ་ཡོད་མི་ལས་༢ བརྡལ་བཏང་ཡོདཔ་མ་ཚད་ ཆུ་དུང་ཡང་ བརྫམས་བཏང་ནུག་ཟེར་ཨིནམ་ད་ ཆུ་འཐེན་ནིའི་དོན་ལུ་ སྤྱི་འོག་༣ གྱི་ མི་ཚུ་གིས་ འུར་ལཱ་ཉིན་གྲངས་༢༠ དེ་ཅིག་ རྒྱུག་ཡོདཔ་ཨིན་པས།
སྤྱི་འོག་༣ ནང་ འཐུང་ཆུའི་རྐ་ཚུ་ སྐམ་འགྱོ་མི་ལུ་བརྟེན་ མང་ཤོས་ཅིག་གིས་ ཆར་ཆུ་ལུ་ བརྟེན་སྡོད་དོ་ཡོདཔ་ད་ རྟ་མགོ་ལུངམ་གི་རོང་ཆུ་ འཐེན་ནིའི་ལས་འགུལ་ལུ་ བར་ཆད་མ་འབྱུང་པ་ཅིན་ སྤྱི་འོག་༣ ཀྱི་ ཁྱིམ་གུང་པ་༨༠ དེ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ འོང་ནི་ཨིན་པས།
དེ་བཟུམ་ ཆུ་གི་སྐོར་ལས་ མ་འགྲིག་པའི་དཀའ་ངལ་དེ་ དབང་འདུས་ཕོ་བྲང་ ཀ་གཞི་དང་ ཕངས་ཡུལ་རྒེད་འོག་ནང་ཡང་ ཐོན་ཡོདཔ་ད་ དེ་ཡང་ ཕངས་ཡུལ་ལུ་ ཞིང་ཆུ་མེདཔ་ལས་བརྟེན་ ཀ་གཞིའི་ཉེ་འདབས་ལས་ འབབ་མི་སྦས་ཆུ་དེ་ འཐེན་ནི་སྦེ་ འཆར་གཞི་བརྩམས་ཏེ་ ལཱ་འབད་ནི་ འགོ་བཙུགས་པའི་སྐབས་ ཀ་གཞི་གི་ མི་ཚུ་གིས་ བྱིན་མ་བཏུབ་ནི་དེ་གིས་ ད་ལྟོ་བར་ན་ཡང་ ཆརཔ་ལུ་བརྟེན་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།
མ་གཞི་ འཆར་གཞི་༡༡ པའི་ནང་ གཞུང་གིས་ དངུལ་ཀྲམ་ས་ཡ་༨༤ གི་ཐོག་ལས་ སྦས་ཆུ་འཐེན་ནིའི་དཔའ་བཅམ་མི་དེ་ རྒེད་འོག་༢ ཀྱི་བར་ན་ རྩོད་ཉོགས་ལེ་ཤ་ཐོན་ནི་དེ་གིས་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་ དེ་ལས་ གཞུང་ལྟེ་བ་གིས་ བར་འཛུལ་འབད་རུང་ འཆམ་མ་ཚུགས་པས།
ཆུའི་བཅའ་ཁྲིམས་དང་སྒྲིག་གཞི།
མ་གཞི་ འབྲུག་གི་ཆུའི་བཅའ་ཁྲིམས་༢༠༡༡ ཅན་མ་དང་ འབྲུག་གི་ཆུའི་སྒྲིག་གཞི་༢༠༡༤ ཅན་མ་དང་འཁྲིལ་བ་ཅིན་ ཆུ་དེ་ རྒྱལ་ཁམས་ཀྱི་རྒྱུ་དངོས་ཨིནམ་ལས་ འབྲུག་མི་ག་ར་གིས་ ཆུ་ལངམ་སྦེ་སྤྱོད་ནི་དེ་ འབྲུག་མི་ཚུ་གི་ ཁེ་དབང་ཨིན་ཟེར་ཨིན་པས།
དེ་མ་ཚད་ འཐུང་ཆུ་མེད་མི་ཚུ་ནང་ ཞིང་ཆུ་དེ་ ལག་ལེན་འཐབ་དགོ་ཟེར་ཨིནམ་མ་ཚད་ གཡུས་ཚན་ཅིག་ནང་ འཐུང་ཆུ་མེད་པ་ཅིན་ གཡུས་ཚན་གཞན་མི་གི་ ཞིང་ཆུ་འབད་རུང་ ལག་ལེན་འཐབ་བཅུག་དགོ་ཟེར་ཡོདཔ་ད་ ཨིན་རུང་ ད་རེས་ གཡུས་ཚན་ལ་ལོ་ཅིག་གིས་ ཁོང་གི་ཞིང་ཆུ་དེ་ཡང་ འཐུང་ཆུ་སྦེ་ ལག་ལེན་འཐབ་མ་བཅུག་མི་ལུ་བལྟ་བ་ཅིན་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་ཨིན་པས།
རྒྱལ་ཡོངས་རང་བཞིན་མཐའ་འཁོར་ལྷན་ཚོགས་ཀྱི་ ཁྲི་འཛིན་འོགམ་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསུངས་མིའི་ནང་ མ་གཞི་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ཡོད་རུང་ བསྟར་སྤྱོད་འབད་མ་ཚུགས་མི་དེ་ མི་ཚུ་གིས་ ཧེ་མ་གི་ ལམ་ལུགས་ཐོག་ལུ་གནས་ཏེ་ བཅམ་ཁྲིམས་དང་སྒྲིག་གཞི་ཚུ་ལུ་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།
ཨིན་རུང་ རྟ་ལོག་རྒེད་འོག་གི་ཐད་ཁར་ ཕན་བདེ་གཡུར་བ་ ཉམས་བཅོས་འབད་ནི་ཨིནམ་ལས་ དེ་གིས་ རྒེད་འོག་གི་ སྤྱི་འོག་༣ གྱི་ འཐུང་ཆུའི་དཀའ་ངལ་ཡང་ སེལ་ཚུགས་ཟེར་ཨིནམ་ད་ རིང་ཚད་ ཀི་ལོ་མི་ཊར་༢༥ འབད་མི་ གཡུར་བ་དེ་ དངུལ་ཀྲམ་ས་ཡ་༣༤ གི་ཐོག་ལས་ ཉམས་བཅོས་འབད་ནི་ཨིན་པས།
ཐིམ་ཕུག་ བོད་སྒར་ནང་གི་ ཉེ་འདབས་ལས་འབབ་མི་ སྟོད་པའི་རོང་ཆུ་དེ་ ཕན་བདེ་གཡུར་བ་བརྒྱུད་དེ་ འཐེན་པའི་སྐབས་ སྤུ་ན་ཁ་ རི་ན་ཁ་དང་ ལྕང་ཡུལ་ དེ་ལས་ འོ་ལ་ཁ་གཡུས་ཚན་ཚུ་གི་ ཆུ་ཞིང་ལུ་ཕན་ཐོགས་འབྱུང་ནི་ཨིན་པས།
ཀ་གཞི་དང་ ཕངས་ཡུལ་གྱི་བར་ན་ ཁ་འཆམ་མ་ཚུགས་མི་དེ་ ད་རུང་ ཚར་གཅིག་ རྫོང་ཁག་བདག་སྐྱོང་གིས་ ཞིབ་དཔྱད་འབད་ཡི་ཟེར་ སླབ་སྟེ་ཡོདཔ་ལས་ ཞིབ་དཔྱད་ཀྱི་སྙན་ཞུ་ ཐོབ་ད་རྐྱངམ་གཅིག་ལས་བརྒལ་ ཐབས་ཤེས་བཏོན་མི་ཚུགས་ནི་མས་ཟེར་ སོ་ནམ་བློན་པོ་གིས་གསུངས་ཡི།
མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ཆུའི་བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ བསྟར་སྤྱོད་འབད་མ་ཚུགས་པ་ཅིན་ དེ་ཚུ་བཟོ་སྟེ་ ཁུངས་ཅིག་མིན་འདུག་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ བཅའ་ཁྲིམས་དང་སྒྲིག་གཞི་ དེ་ལས་ སྲིད་བྱུས་ལེ་ཤ་ཡོད་རུང་ བསྟར་སྤྱོད་འབད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *