པིན་ཅི་ནང་ལས་ ཆུ་ལེགས་བཅོས་ཁང་ནང་བཏོན་མི་ ཆུ་དུང་།

ཆུའི་དཀའ་ངལ་སེལ་ཐབས་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ གྲོགས་རམ་འཚོལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ནང་ འཐུང་ཆུའི་དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་གྲོགས་རམ་ལེན་ཐོག་ལས་ ས་གནས་པིན་ཅི་ནང་ལུ་ ཆུ་ལེགས་བཅོས་ཁང་དང་ ཆུ་མཛོད་ལ་སོགས་པ་ཚུ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་འདུག།

ཁྲོམ་སྡེའི་འཐུང་ཆུ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་འོགམ་ མ་ཎི་ཀུ་མར་ རི་ཟལ་གྱིས་ སླབ་མིའི་ནང་ མ་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ བཟོ་སྐྲུན་གྱི་ ལཱ་ག་ར་ སྟབས་གཅིག་ཁར་ འབད་མ་ཚུགསཔ་ལས་ ལས་འགུལ་དེ་ དབྱེ་ཁག་༢ སྦེ་བགོ་དགོཔ་ ཐོན་ཡི་ཟེར་ཨིནམ་ད་ དབྱེ་ཁག་དང་པའི་ལཱ་དེ་ ནེ་པཱལ་ལས་ ཊེན་ཌི་དང་ འབྲུག་ལས་ རྟ་མཆོག་ཁག་འབག་༢ ལུ་ སྤྲོད་ཡོདཔ་་ཨིན་པས།
མ་དངུལ་དངུལ་ཀྲམ་ས་ཡ་༨༩ ཡོད་མི་ དབྱེ་ཁག་དང་པའི་ནང་ ནང་ལེན་ལྕགས་སྐུད་དང་ ཆུ་མཛོད་ ཆུ་ལེགས་བཅོས་ཁང་ལ་སོགས་པ་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་ད་ ནང་ལེན་ལྕགས་སྐུད་དང་ ཆུ་མཛོད་བཟོ་སྐྲུན་གྱི་ལཱ་ཚུ་ ཧ་ལམ་མཇུག་བསྡུ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་འདུག།
མ་ཎི་ཀུ་མར་ རི་ཟལ་གྱིས་འབད་བ་ཅིན་ ཆུ་ལེགས་བཅོས་ཁང་གི་དོན་ལུ་ ད་ལྟོ་ བཟོ་བཀོད་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ལས་འགུལ་མཇུག་བསྡུའི་ དུས་ཡུན་ཟླཝ་༡༨ ཨིནམ་བཞིན་དུ་ ལཱ་འགོ་བཙུགས་ཏེ་ ལོ་༡ ལྷག་ཡོདཔ་ཨིན་པས།
ད་རུང་ གནམ་གཤིས་གནས་སྟངས་ལུ་བརྟེན་ དུས་ཚོད་ཕྱི་ནིའི་ ཉེན་ཁ་ཡོད་རུང་ ཁག་འབགཔ་གིས་ དུས་ཚོད་ཁར་ མཇུག་བསྡུ་ནི་ལུ་ རྩ་འགེངས་དེས་ཟེར་ བཤདཔ་ཨིན་པས།
ལས་འགུལ་དབྱེ་ཁག་༢ པའི་ནང་ ཆུ་མཛོད་བཟོ་སྐྲུན་དང་ ད་ལྟོ་ཡོད་མི་ ཆུ་མཛོད་ཚུ་ ཉམས་བཅོས་འབད་ནི་ཨིནམ་ད་ ཁྲོམ་ཁའི་དོན་ལུ་ གསརཔ་བཟོ་སྐྲུན་འབད་ནི་ཨིན་མི་ ཆུ་མཛོད་ཁང་དང་ ས་གོ་གཞན་ཚུ་གི་དོན་ལས་ ད་ལྟོ་ཡོད་མི་ ཆུ་མཛོད་ཚུ་ནང་ལས་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཨིན་པས།
མ་ཎི་ཀུ་མར་ རི་ཟལ་གྱིས་ ད་ལྟོ་ དབྱེ་ཁག་༢ པའི་དོན་ལུ་ ཚོད་རྩིས་དང་ ཞིབ་དཔྱད་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ལས་ དུས་ཅིའི་ལོ་མཇུག་ཁམས་ལུ་ རིན་བསྡུར་འགོ་འདྲེན་འཐབ་ནི་ཟེར་ བཤད་པའི་ཁར་ ལས་འགུལ་དེ་ གཞུང་ལས་ མ་དངུལ་བརྒྱ་ཆ་༢༡ དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ལས་ བརྒྱ་ཆ་༧༩ འབདཝ་ད་ ཡུ་ཨེསི་ཌོ་ལར་ས་ཡ་༡.༢ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༥ འི་སྔ་ཆ་ལུ་ བདུན་ཕྲག་༡ དེ་ཅིག་གི་རིང་ ཆུ་མ་འོང་ཟེར་ ཉོགས་བཤད་བཀོད་མི་༡༠ དང་༡༥ དེ་ཅིག་ ཐོན་ཡོདཔ་ད་ གནམ་བྱཱར་གྱི་སྐབས་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ ཆུ་དུང་ཚུ་ བསུབས་མི་ལུ་བརྟེན་ འཕྲལ་འཕྲལ་ར་ ཆུ་མེད་པར་ བདུན་ཕྲག་སྦེ་ ལུས་ནི་ཡོད་ཟེར་ཨིན་པས།
དཀའ་ངལ་དེ་ སེལ་ཐབས་ལུ་ ས་འོག་གི་ ཆུ་ལམ་བཟོ་སྐྲུན་འབད་ཡོདཔ་མ་ཚད་ ཧེ་མར་ ཌཱན་ཊག་ལས་འགུལ་གྱིས་ ལག་ལེན་འཐབ་མི་ ས་འོག་གི་ ཆུ་ལམ་རྙིངམ་དེ་ ཉམས་བཅོས་འབད་མི་ལུ་བརྟེན་ དཀའ་ངལ་དུམ་གྲ་ཅིག་ སེལ་ཚུགས་ཅི་ཟེར་ཨིན་པས།
མ་ཎི་ཀུ་མར་ རི་ཟལ་གྱིས་ སླབ་མིའི་ནང་ པིན་ཅི་ནང་དང་ རི་ཀེ་ཅུ་ལ་ གདུང་བསམ་ཆུ་བརྩིས་ཏེ་ ཆུ་རྐ་༣ ཡོདཔ་བཞིན་དུ་ ས་འོག་ཆུ་ལམ་༣ དེ་ཅིག་ ཡོད་མི་ལས་༢ ལུ་ བཙོག་རྫས་ཡོད་ནི་དེ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་མི་ལུ་བརྟེན་ ད་ལྟོ་༡ རྐྱངམ་གཅིག་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཧེ་མ་ལས་ ཆུ་ལེགས་བཅོས་ཁང་ཡོད་རུང་ ལག་ལེན་ལེགས་ཤོམ་སྦེ་ མ་འཐབ་པས་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་འབད་རུང་ ཆུ་ནང་ཡོད་མི་ བཙོག་རྫས་ཚུ་ ནུས་མེད་བཟོ་ཐབས་ལུ་ ཀོ་ལོ་རིན་ཟེར་མི་ བླུག་ནི་མ་གཏོགས་ ཐབས་ལམ་གཞན་ ག་ནི་ཡང་ མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་ མཇུག་བསྡུ་བའི་བསྒང་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འཐུང་ཆུའི་དཀའ་ངལ་དེ་ སེལ་མ་ཚུགས་པའི་ དོགས་པ་མེད་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *