༉ ཞིང་ཆུ་ལངམ་མེད་པའི་ དཀའ་ངལ་ལུ་བརྟེན་ བཀྲ་ཤིས་སྒང་སྤམ་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ དུས་ཅི་ལས་ ལྕང་ལཱ་མ་རྐྱབ་པར་ ཆུ་ཞིང་སྟོངམ་སྦེ་ བཞག་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ འདས་པའི་ལོ་ཚུ་ནང་ ལྕང་ལཱ་རྐྱབ་མིའི་ གྱངས་ཁ་དེ་ མར་བབས་སོང་ཡོད་རུང་ ད་རེས་ཀྱི་ དུས་ཚོད་ནང་ལས་ མི་སེར་ཆ་མཉམ་གྱིས་ ལྕང་ལཱ་བཀོག་བཞག་ཡོདཔ་ཨིན་པས།
ཆའི་དཀའ་ངལ་རྐྱངམ་གཅིག་གིས་མ་དོ་བར་ རི་དྭགས་སེམས་ཅན་ རི་ཕག་དང་ བྱི་ཐུར་ བྱི་ཙི་ལ་སོགས་པ་ཚུ་གིས་ ལོ་ཐོ་མེདཔ་བཏང་མི་དེ་གིས་ཡང་ འབྱ་ལཱ་འབད་ནི་ལུ་ སྤྲོ་བ་ཞན་བཅུག་ཡོདཔ་ཨིན་པས།
གཡུས་མི་བ་སྐྱིད་ཀྱིས་ སླབ་མིའི་ནང་ བཟའ་ཚང་གིས་ ལྕང་ལཱ་བཀོག་བཞག་མི་དེ་ཡང་ ཞིང་ཆུའི་རྐ་དེ་ སྐམ་སོ་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ད་རེས་ནངས་པར་ མོ་གི་བཟའ་ཚང་གིས་ ཞིང་ནང་ ཆུ་ཆུང་ཀུ་ཅིག་ཡོད་མི་དེ་ འཐུང་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ད་རེས་ གཡུས་ཚན་དེ་ནང་ ཞིང་ཆུ་རྐྱངམ་གཅིག་མེན་པར་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡང་ སྦོམ་སྦེ་ཡོདཔ་ད་ དུས་ཅི་འབདཝ་ད་ ཆུའི་དཀའ་ངལ་བྱུང་སྟེ་ ལོ་༧ སོང་ཡོདཔ་ཨིན་པས།
ད་རུང་ སོ་ནམ་པ་གཞན་ ཨོ་རྒྱན་བཀྲ་ཤིས་ཀྱིས་ གཡུས་ཚན་དེ་གི་ ཁྱིམ་གུང་ཆ་མཉམ་ནང་ ཆུ་ཏོག་བཟོ་སྐྲུན་འབད་དེ་ཡོད་རུང་ ཆུ་འོང་ནི་མིན་འདུག་ཟེར་ བཤདཔ་ཨིན་པས།
རྒེད་འོག་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཆུ་རྐ་ཟེར་རུང་ གཡུས་ཚན་གྱི་ལྟག་ལུ་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་ཁར་ སྤྱི་ལོ་༡༩༨༠ གྱ་གྲངས་ཀྱི་ ཕྱིས་ཁམས་ལུ་ ཆུ་མཛོད་བཟོ་སྐྲུན་འབད་དེ་ འཐེན་མི་དེ་ར་ཨིནམ་ད་ དེ་བསྒང་ ཁྱིམ་གུང་༣༠ གྱི་དོན་ལུ་ བཟོ་སྐྲུན་འབད་ཡོད་རུང་ ད་རེས་ནངས་པར་ སྤབ་གཡུས་ཚན་ནང་ ཁྱིམ་གུང་པ་༦༠ དེ་ཅིག་ལུ་ཡོད་ཟེར་ཨིན་པས།
གཡུས་ཁའི་ཚོགས་པ་ དགེ་ལེགས་དབང་ཕྱུག་གིས་ གཡུས་ཚན་ནང་ ཁྱིམ་གུང་པ་ཡར་འཕར་འགྱོ་མི་དང་ ཆུ་རྐ་སྐམ་འགྱོ་མི་ལུ་བརྟེན་ འཐུང་ཆུ་མ་ལང་པའི་དཀའ་ངལ་ ཐོནམ་མས་ཟེར་ བཤད་པའི་ཁར་ ད་རེས་ནངས་པར་ ཁྱིམ་གུང་༨༠ ལུ་ ཆུའི་དགོས་མཁོ་སྦོམ་ བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཨིན་རུང་ རྫོང་ཁག་དང་ རྒེད་འོག་གིས་ བསམ་མཁར་རྒེད་འོག་ བམ་རི་ཟེར་སར་ འཐུང་ཆུའི་རྐ་གསརཔ་ཅིག་ ངོས་འཛིན་འབད་དེ་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༥ ལུ་ རྒེད་འོག་དང་ རྫོང་ཁག་འགོ་དཔོན་ཚུ་གིས་ ཆུ་དུང་ཚུ་ལུ་ བརྟག་དཔྱད་འབད་ཡོདཔ་ད་ ཆུ་འཐེན་ཚརཝ་ད་ གཡུས་ཚན་ནང་ཡོད་མི་ ཁྱིམ་གུང་ཆ་མཉམ་ལུ་ ཆུ་རྐ་གསརཔ་ལས་ ཆུ་བཀྲམ་སྤེལ་འབད་ཚུགས་འོང་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
ཆུའི་རྐ་གསརཔ་དེ་གིས་ གྲོང་གསེར་མི་སེར་༡,༨༠༠ དེ་ཅིག་ལུ་ ཕན་ཐོགས་ཚུགས་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།