ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས།

ཁ་ཙ་ ལས་འགུལ་གྱི་ འགོ་འབྱེད་དེ་ཡང་ བུམ་ཐང་དྲོགས་རྫོང་བདག་དང་ བྱ་དཀར་བླམ་ རྒེད་འོག་དང་ རྫོང་ཁག་ལས་བྱེདཔ་ དེ་ལས་ བདེ་སྲུངཔ་ཚུ་གིས་ འབད་ཡོདཔ་ཨིན་པས།

ལས་འགུལ་དེ་ནང་ བདེ་སྲུངཔ་༤༥ དང་ བསྟན་སྲུང་དམག་མི་༢ དེ་ལས་ འཕྲུལ་རིགཔ་༢ ཀྱིས་ ཟླཝ་༣ གྱི་རིང་ ལཱ་འབད་ནི་ཨིནམ་ད་ ལས་འགུལ་དེ་གིས་ སྟངས་སི་སྦིས་ཀྱི་ ཁྱིམ་གུང་༥༢ དང་ སྐམ་ཞིང་ཨེ་ཀར་༢༣༧ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ད་ལྟོ་ཚུན་ སྤྱི་འོག་དེ་ནང་ ཁྱིམ་གུང་༦ ལུ་ ཐད་ཀར་དུ་ འཐུང་ཆུའི་དཀའ་ངལ་ཡོདཔ་ད་ ཁྱིམ་གུང་༤ གི་ འདམ་རྫབ་ནང་ ཆུ་རྫིང་བཟོ་སྟེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ དེ་ཡང་ གཏན་ཏོག་ཏོ་ཅིག་མེདཔ་ཨིན་པས།

སྐྱེས་ལོ་༨༠ ལང་མི་ འཇམ་དཔལ་གྱིས་ སླབ་མིའི་ནང་ འདམ་རྫབ་ནང་ལས་ ཆུ་དུང་བཙུགས་ཏེ་ ཆུ་ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཆུ་དཀོན་དྲགས་ཡོདཔ་ལས་ ཉིནམ་༢ དང་༣ བར་ན་ ཆུ་བསགས་ཏེ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ཆུ་བསུབས་དོ་ཡོདཔ་མ་ཚད་ གནམ་སོ་ཁ་ལུ་ ཧེང་སྐལ་ར་ ཆུ་དཀོན་དྲགས་འགྱོ་དོ་ཡོདཔ་ལས་ ཆུ་རྫིང་དེ་ ཨ་ལོ་བཟུམ་སྦེ་ བདག་འཛིན་འཐབ་དོ་ཟེར་ཨིན་པས།

ད་རེས་ འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་ཨིནམ་ལས་ ཁོང་གིས་ ད་ཚུན་ ལོ་༡༠ དེ་ཅིག་ དཀའ་ངལ་བྱུང་མི་དེ་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

འཇམ་དཔལ་གྱིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ གཞུང་གི་བཀའ་དྲིན་ལུ་བརྟེན་ མི་སེར་ཚུ་གིས་ ལཱ་འབད་མ་དགོ་པར་ རང་གི་སྒོ་ཁར་ ཆུ་ལྷོད་ནི་ཨིནམ་ལས་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།

ཆུ་མ་ལང་ནི་དེ་གིས་ ཐ་ན་ གོ་ལ་འཁྱུ་ནིའི་དོན་ལུ་ ས་གནས་གཞན་ཁར་འགྱོ་མི་དེ་ ལས་འགུལ་མཇུག་བསྡུ་ཞིནམ་ལས་ དཀའ་ངལ་ག་ར་ བསལ་ཚུགས་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ འཇམ་དཔལ་སེངྒེ་གིས་ སླབ་མིའི་ནང་ ཆརཔ་རྐྱབ་པའི་སྐབས་ གཡུས་ཁའི་འཐུང་ཆུ་དེ་ལུ་ དཀའ་ངལ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཆུ་སྦོམ་འོང་པའི་སྐབས་ ཆུ་དུང་བསུབས་པའི་ཁར་ ཆུ་ཡང་གནགཔ་སྦེ་ འོང་དོ་ཡོདཔ་ལས་ གཡུས་མི་མང་ཤོས་ རྐང་ཚིགས་ལག་ཚིགས་ན་མི་ཡང་ དེ་ལུ་བརྟེན་ འོང་ནི་བཟུམ་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་ཡོད་པའི་ ཆུ་རྐ་མང་ཤོས་ཅིག་སྐམ་ཡོདཔ་ད་ ད་ལས་ཕར་ ལས་འགུལ་དེ་གི་ གཡུས་ཁ་ལུ་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་ སེལ་ཐབས་འབད་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

འཐུང་ཆུའི་ལས་འགུལ་གྱིས་ ཀི་ལོ་མི་ཊར་༦ དེ་ཅིག་ས་ཁ་ལས་ འཐེན་ནི་ཨིན་པས།

ཚོགས་པ་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་འོག་ནང་ ཁྱིམ་གུང་དག་པ་ཅིག་ལུ་ ཆུའི་དཀའ་ངལ་སྦོམ་ཡོད་ཟེར་ཨིནམ་ད་ གཡུས་ཁ་ལུ་ ཆུའི་ཀ་ལི་ཚུ་ཡོད་རུང་ འཐུང་ཆུ་དེ་ འདམ་རྫབ་ཚུ་ནང་ལས་ འོང་དོ་ཡོདཔ་ལས་ ཆརཔ་རྐྱབ་པའི་སྐབས་ ཆུ་ཁམས་ལོག་སི་སི་སྦེ་ འོངམ་མས་ཟེར་ཨིན་པས།

མི་ཚུ་གིས་ ཆུ་ཧོད་ནང་བཟེད་ཞིནམ་ལས་ ཉིནམ་༢ དེ་ཅིག་ བཞག་པའི་ཤུལ་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།བུམ་ཐང་།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *