ཆུ་སྦུག་ཆུའི་ལས་འགུལ་གྱིས་ ཁྱིམ་གུང་༡༣༢ ལུ་ ཕན་ཐོགས་འབྱུང་ནི།

༉ སྐྱེས་ལོ་༦༠ ལང་མི་ རྣམ་རྒྱལ་སྒྲོལམ་གིས་ མོ་གི་ཁྱིམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ཡོད་མི་ ཆུ་རྐ་ལས་ ཆུ་དབོག་དོ་ཡོདཔ་ཨིན་པས།

མོ་ར་ ལོ་ན་ཚོད་རྒས་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཆུ་དབོག་པར་ འགྱོ་ནི་དེ་ གདོང་ལན་ཅན་ཅིག་ལུ་ འགྱུར་དོ་ཡོདཔ་ལས་ མོ་རའི་ཁྱིམ་གྱི་ཉེ་འདབས་ལུ་ ཆུ་རྐ་ཅིག་ ཐོབ་སྤྱོད་འབད་ནི་ཡོད་པ་ཅིན་ཟེར་ རེ་བ་བསྐྱེདཔ་ཨིན་པས།

དེ་ཡང་ སྤུ་ན་ཁ་ཆུ་སྦུག་རྒེད་འོག་ བྱང་ཝ་ཁ་-སེ་ཝ་ལ་སྤྱི་འོག་ནང་ ཆུ་རྐ་ལེ་ཤ་ཡོད་རུང་ སྐམ་འགྱོ་དོ་ཡོདཔ་མ་ཚད་ ཨུམ་ཆུ་འབབ་ནི་ཡོད་མི་ཚུ་ཡང་ སོར་བསྒྱུར་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་པས།

ས་གནས་ལས་ སྐྱེས་ལོ་༢༦ ལང་མི་ ཟླ་བ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་རའི་ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ ཨུམ་ཆུ་དེ་ འཕྲལ་འཕྲལ་ར་ ཧ་ལས་སི་སི་སྦེ་ ཡལ་འགྱོཝ་མས་ཟེར་ཨིནམ་ད་ དཔེར་ན་ དྲོ་པ་ཆུ་འབབ་ཨིན་རུང་ ཕྱི་རུ་འབད་བའི་བསྒང་ལས་ ཆུ་མི་འོང་དོ་ཡོདཔ་ལས་ ཆུ་རྐ་ཚུ་ བརྟན་ཏོག་ཏོ་མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

རང་སོའི་ཁྱིམ་གྱི་སྦོ་ལོགས་ཁར་ ཨུམ་ཆུ་བབས་མི་དེ་ སོ་ནམ་པ་ཚུ་གིས་ ཆུ་རྫིང་ཆུང་ཀུ་རེ་བཟོ་སྟེ་ ཆུ་བསགས་བཞག་ནུག།

སྦོ་ལོགས་ཁར་ རོང་ཆུ་དང་ ཨུམ་ཆུ་མེད་མི་ གྲོང་གསེབ་མི་སེར་གཞན་ཚུ་ སེམས་ཅན་ཚུ་གིས་ བཙོག་པ་བཟོ་ཡོད་མི་ ཞིང་ཆུ་ལུ་བརྟེན་དོ་ཡོདཔ་ད་ ཁྱིམ་གུང་༡༠ དེ་ཅིག་ལུ་ ཕན་ཐོགས་བྱུང་མི་ ཆུ་རྐ་རྙིངམ་ཚུ་ སྐམ་འགྱོཝ་མས་ཟེར་ ཚོགས་པ་རྩ་རྒས་ཀྱིས་ བཤདཔ་མ་ཚད་ ལོ་༡ ཆུ་འོང་པ་ཅིན་ ཤུལ་མའི་ལོ་ནང་ སྐམ་མས་ཟེར་ སླབ་ཨིན་པས།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ བདེ་སྲུང་ཆུའི་ལས་འགུལ་ འགོ་བཙུགས་མི་དེ་གིས་ བྱང་ཝ་ཁ་-སེ་ཝ་ལ་སྤྱི་འོག་ནང་ འཐུང་ཆུའི་དཀའ་ངལ་དེ་ བསལ་ཚུགས་པའི་ རེ་བ་ཡོདཔ་ད་ ཆུ་དེ་ཡང་ གཡུས་ཚན་དེ་ནང་ལས་ ཀི་ལོ་མི་ཊར་༩ དེ་ཅིག་གི་ ཆུ་རྐ་ལས་ བཏོན་ནི་ཨིན་པས།

ཆུའི་ལས་འགུལ་གྱིས་ ཁྱིམ་གུང་༡༣༢ དང་ གཙུག་སྡེ་ཚུ་གི་གྲས་ལས་ རྣ་བ་ཁ་སློབ་གྲྭ་ཆུང་བ་དང་ ལྷ་ཁང་ཅིག་ དེ་ལས་ ཆུ་སྦུག་རྒེད་འོག་ལྟེ་བའི་ནང་ སྡོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ལས་འགུལ་གྱི་ ལཱ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ བདེ་སྲུངཔ་༩༠ དང་ འཕྲུལ་ལསཔ་སྡེ་ཚན་ཚུ་གིས་ འགོ་བཙུགས་ནུག།

ཆུ་སྦུག་རྒཔོ་བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འཐུང་ཆུ་འཛིན་སྐྱོང་ལམ་ལུགས་དེ་གིས་ བྱང་ཝ་ཁ་-སེ་ཝ་ལ་དང་ བུམ་ལྟ་ཁ་-བསྟན་པ་ཁ་སྤྱི་འོག་༢ ཀྱི་ མི་སེར་ཚུ་ ཆུ་རྒྱུན་བརྟན་མེད་པའི་ གནས་སྟངས་ནང་ སྡོད་ཡོད་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ ཆུ་འཕྲོ་བརླག་མི་གཏང་ནིའི་དོན་ལུ་ ཆུ་ཏོག་དང་ ཆུ་བསག་མཛོད་ཚུ་ རྐྱབ་སྟེ་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་སྟེ་ཡོད་རུང་ འཐུང་ཆུ་གིས་ ལང་མ་ཚུགས་པར་ཡོད་ཟེར་ཨིན་པས།

གནམ་བྱཱར་ལུ་ ཆུ་རྐ་ཚུ་བྲེས་ཏེ་ ཁམས་ལོག་སི་སི་སྦེ་ འབབ་ཨིན་རུང་ མི་སེར་ཚུ་ བྱ་ཐབས་མེད་པར་ འཐུང་དགོཔ་མ་ཚད་ གནམ་དགུན་ལུ་འབད་བ་ཅིན་ ཆུ་སྐམ་འགྱོཝ་མས་ཟེར་ ཆུ་སྦུག་རྒཔོ་གིས་ བཤདཔ་ཨིན་པས།

རྒཔོ་གིས་འབད་བ་ཅིན་ ད་རེས་ བདེ་སྲུང་ཆུའི་ལས་འགུལ་ཐོག་ལས་ འཐུང་ཆུ་བཏོན་ནི་ཨིན་མི་ ཆུ་རྐ་གསརཔ་དེ་ གཙང་ཏོག་ཏོ་ཡོད་པའི་ཁར་ བྱང་ཝ་ཁ་-སེ་ཝ་ལ་སྤྱི་འོག་གི་ མི་སེར་ཆ་མཉམ་ལུ་ ཆུ་ལངམ་སྦེ་ འཐོབ་ཚུགས་ཟེར་ བཤདཔ་ཨིན་པས།

ལས་འགུལ་དེ་གི་ཐོག་ལས་ འཐུང་ཆུ་གཙང་སྦྲ་དང་ལྡནམ་སྦེ་ འཐོབ་ཚུགས་ནི་དང་ ཞིང་ཆུ་སྦེ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ སོ་ནམ་པ་ལུ་ ཕན་ཁྱད་འབྱུང་འོང་ཟེར་ཨིནམ་ད་ བྱང་ཝ་ཁ་-སེ་ཝ་ལ་སྤྱི་འོག་ནང་ ཆུ་ཞིང་ཨེ་ཀར་༦༠ ལྷགཔ་ཅིག་ཡོདཔ་ཨིན་པས།

བདེ་སྲུང་ཆུའི་ལས་འགུལ་གྱི་ ཆ་ཤས་སྦེ་ ཁྱིམ་གུང་ཚུ་གི་དོན་ལུ་ ཆུ་ཏོག་ཚུ་ཡང་ གཞི་བཙུགས་འབད་དེ་ བྱིན་ནི་ཨིན་པས།

དུས་ཡུན་ཟླཝ་༥ འབད་མི་ ལས་འགུལ་དེ་ དུས་ཅིའི་ལོ་རྫོགསཔ་ད་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *