ཆུ་ཤོག་གི་ ཕྱགས་སྙིགས་ཚུ་གིས་ མཁོ་ཆས་བཟོ་ནིའི་ རིག་རྩལ་སྦྱོང་བརྡར་འབད་བའི་བསྒང་།

ཆུ་ཤོག་གི་ཕྱགས་སྙིགས་ཚུ་ ལག་ལེན་འཐབ་སྟེ་ མཁོ་ཆས་བཟོ་ནིའི་ རིག་རྩལ་སྦྱོང་བརྡར།

༉ ད་རེས་ནངས་པ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཡིག་ཚང་ལྟེ་བ་ལུ་སྦེ་ འགག་སྡེའི་ཨམ་སྲུ་༢༡ གིས་ ཆུ་ཤོག་གི་ ཕྱགས་སྙིགས་ལག་ལེན་འཐབ་ནིའི་ རིག་རྩལ་གོང་འཕེལ་དང་འབྲེལ་བའི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༢ ལས་འགོ་བཙུགས་མི་ ཉིན་གྲངས་༡༠ གྱི་སྦྱོང་བརྡར་དེ་ཡང་ ཨམ་སྲུའི་སྡེ་ཚན་གྱིས་ ཆུ་ཤོག་གི་ཕྱག་སྙིགས་ཚུ་ ལག་ལེན་འཐབ་ཐོག་ལས་ ཅ་ཆས་ཚུ་བཟོ་སྟེ་ ལྷན་ཐབས་འོང་འབབ་བཟོ་ནིའི་ དམིགས་གཏད་ཨིན་པས།
སྦྱོང་བརྡར་སྐབས་ ཨམ་སྲུ་ཚུ་ལུ་ ཆུ་ཤོག་ཆུ་འཁྱུ་ནི་དང་ བཏོག་ཐངས་ ཚད་གཞི་འཇལ་ཐངས་ དེ་ལས་ ཐགཔ་བཟོ་ཐངས་དང་ འཐག་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་བྱིན་ནི་ཨིན་པས།
ཆུ་ཤོག་ལུ་བརྟེན་ ཐོན་སྐྱེད་ཚུ་ཡང་ ལག་པར་འབག་ནིའི་བེག་དང་ གོ་ལ་འཁྱུ་བའི་སྐབས་ ལག་ལེན་འཐབ་ནིའི་ལག་གཟེམ་ དེ་ལས་ ཀམ་པུས་ཊར་ལེབ་ཀྲོབ་བེག་ པི་སི་བཙུགས་བེག་ དེ་ལས་ ཉོ་ཚོང་རྐྱབ་ནིའི་ལག་གཟེམ་ཚུ་ འཐག་ཐངས་ཀྱི་ སྦྱོང་བརྡར་བྱིན་ནི་ཨིན་པས།
ཐོན་སྐྱེད་ཚུ་གི་གྲས་ལས་ ཆུང་ཤོས་ར་ པི་སིའི་བཙུགས་བེག་ཨིནམ་བཞིན་དུ་ དེ་འཐག་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་དོ་ཡོདཔ་ད་ དེ་ལས་ བེག་སྦོམ་འཐག་ནིའི་དོན་ལུ་ ཉིནམ་༡ འགོར་དོ་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ཡང་ ཁྲིམས་སྲུང་འགག་པའི་ ཨམ་སྲུ་ཚོགས་པའི་འཐུས་མི་ཚུ་ཡོདཔ་ད་ འགོ་དང་པ་ཨིན་མི་ སྦྱོང་བརྡར་དེ་ མོ་བཏབ་བཟུམ་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ བསྟན་སྲུང་དམག་སྡེའི་ ཨམ་སྲུ་སྡེ་ཚན་གྱི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ ད་རུང་ མཐར་འཁྱོལ་འབྱུང་པ་ཅིན་ རྒྱ་སྐྱེད་འབད་ནི་ཨིན་པས།
ཁྲིམས་སྲུང་ཨམ་སྲུའི་སྡེ་ཚན་གྱི་ མགྲིན་ཚབ་ཀྱིས་ སླབ་མིའི་ནང་ འགག་སྡེའི་བཟའ་ཚང་མང་ཤོས་ཅིག་ལུ་ བཟའ་ཚང་སྦོམ་ཡོདཔ་བཞིན་དུ་ འཚོ་སྐྱོང་འཐབ་ནི་ལུ་ དོ་འགྲན་ཡོདཔ་ལས་ སྦྱོང་བརྡར་དེ་གིས་ འོང་འབབ་ལྷན་ཐབས་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འབྲུག་གཙང་སྦྲ་ལས་སྡེའི་ ལས་འགུལ་འགོ་འདྲེན་པ་ བདེ་ཆེན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཨམ་སྲུ་མང་ཤོས་ཅིག་གིས་ ཚེམ་རྐྱབ་ནི་དང་ ཐགས་འཐག་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ སྦྱོང་བརྡར་དེ་གིས་ ཁོང་གི་ རིག་རྩལ་ཡར་དྲག་གཏང་ཐོག་ལས་ ཁྲོམ་ཁར་ དོ་འགྲན་སྦོམ་མེད་པའི་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ནི་ལུ་ ཁེ་ཕན་ཡོད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ ད་རེས་ཀྱི་སྦྱོང་བརྡར་ནང་ གཙོ་བོ་ ད་ལྟོ་ཚུན་ བསྐྱར་བཅོས་འབད་ནིའི་དོན་ལུ་ ལག་ལེན་མ་འཐབ་མི་ ཆུ་ཤོག་སྟུག་པག་པ་ དཔེ་འབད་བ་ཅིན་ ཨོ་ཕྱེ་དང་ མའི་ད་ཕྱེ་ ས་རཱཕ་ཕྱེ་ལ་སོགས་པའི་ ཆུ་ཤོག་ཚུ་ ལག་ལེན་འཐབ་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ རང་བཞིན་གནས་སྟངས་འགོ་དཔོན་ ཚེ་རིང་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ཕྱགས་སྙིགས་ཚུ་ བསྐྱར་བཅོས་མ་འབད་བ་ཅིན་ མེ་མེ་ལ་ཁ་ལུ་ཡོད་མི་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ནང་ ཕྱགས་སྙིགས་མ་ཤོང་པའི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
སྦྱོང་བརྡར་དེ་ ཧེལ་བི་ཊཱསི་དང་ ཡུ་རོ་པི་ཡེན་ ཡུ་ནི་ཡཱོན་གྱི་ མ་དངུལ་རྐྱབ་སྐྱོར་ཐོག་ལས་ འབྲུག་གཙང་སྦྲ་ལས་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *