བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཆུ་ལེགས་བཅོས་ཁང་།

ཆུ་ལེགས་བཅོས་ཁང་ བཟོ་སྐྲུན་འབད་ནིའི་དོན་ལུ་ ད་རུང་ དུས་ཐེབས་བྱིན་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ཆུ་ལེགས་བཅོས་ཁང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ཁྲོམ་སྡེ་གིས་ ད་རུང་ དུས་ཚོད་ཐེབས་ ཟླཝ་ཕྱེད་ དང་༧ བྱིན་ཡོདཔ་ཨིན་པས།

ལས་འགུལ་དེ་ ཁག་འབག་གིས་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ དུས་ཐེབས་ཟླཝ་༦ བྱིན་མི་དང་འཁྲིལ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ཁག་འབགཔ་གིས་ ཞུ་བ་འབད་མི་དང་བསྟུན་ ད་རུང་ དུས་ཚོད་ཐེབས་ ཟླཝ་ཕྱེད་དང་༧ བྱིན་མི་དེ་ ཐེངས་༢ པ་ཨིན་པས།

ལས་འགུལ་གྱི་ ས་ཁོངས་བཟོ་རིག་འགོ་དཔོན་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་རུང་ ཁག་འབགཔ་གིས་ ཞབས་ཏོག་ལྷན་ཁག་ལུ་ཕུལ་མི་ ཡི་གུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་མི་དེ་ཡང་ ལག་ལེན་ཐབས་རིག་དང་ འབོར་ཚད་ཀྱི་ རྩིས་འཛིན་བར་ན་ ཆ་མཐུན་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

དེ་ཡང་ རྩིས་འཛིན་ནང་ ཆ་ཤས་༡༧ མ་ཚང་པར་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིནམ་ད་ རིན་བསྡུར་དེ་ མཁས་མཆོག་ཚུ་གིས་ གྲ་སྒྲིག་འབད་ཡོདཔ་ལས་ རེ་བ་མ་བསྐྱེད་ཟེར་ཨིནམ་ད་ ལས་འགུལ་དེ་ ནེ་པཱལ་ལས་ ཏུན་ཌི་དང་ འབྲུག་ལས་ རྟ་མཆོག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།

ཡི་གུ་ནང་ བཀོད་མི་དང་འཁྲིལཝ་ད་ གནད་དོན་དེ་ མཐོང་བའི་ཤུལ་ལས་ འབོར་ཚད་ཀྱི་ རྩིས་འཛིན་གྲ་སྒྲིག་འབད་མི་ སྡེ་ཚན་གྱིས་ གནས་ཚད་ཀྱི་ བྱ་སྒོའི་ལམ་ལུགས་དང་ ཡང་ཅིན་ འབྲུག་གནས་གོང་གི་ ལས་རིམ་དང་མ་འཁྲིལ་བར་ བཟོ་མི་དེ་གིས་ དཀའ་ངལ་བྱུང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།

འབོར་ཚད་ཀྱི་ རྩིས་འཛིན་ནང་ ཆ་ཤས་༡༧ མ་ཚང་པར་ཡོད་རུང་ ལས་འགུལ་དེ་ མི་མང་ལུ་ཕན་པའི་ ལས་འགུལ་ཅིག་འབདཝ་ལས་ ཁག་འབགཔ་གིས་ ཆ་ཤས་ལ་ལོ་ཅིག་ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ ཀེ་མི་ཀཱལ་བིལ་སྒྲིང་དེ་ བཞག་ཞིནམ་ལས་ ཆ་ཤས་གཞན་མི་ཚུ་ཡང་ མཁོ་སྒྲུབ་འབད་དེ་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ ད་རུང་ དུས་ཚོད་ཐེབས་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།

ཁྲོམ་སྡེའི་བཟོ་རིག་འགོ་དཔོན་འོགམ་དང་ འཐུང་ཆུ་སྡེ་ཚན་གྱི་གོངམ་ མ་ནི་ཀུ་མར་རི་ཟཱལ་གྱིས་ སླབ་མིའི་ནང་ ད་རེས་ དུས་ཚོད་ཐེབས་ ཟླཝ་ཕྱེད་དང་༧ བྱིན་མི་དེ་ འབོར་ཚད་ཀྱི་ རྩིས་འཛིན་ནང་ ཆ་ཤས་༡༧ མ་ཚང་བར་ཡོད་མིའི་ཚབ་སྦེ་ བྱིན་བྱིནམ་མེན་ཟེར་ཨིན་པས།

མ་ནི་ཀུ་མར་རི་ཟཱལ་གྱིས་ སླབ་མིའི་ནང་ ཁག་འབག་གི་ ཡིག་ཆ་ནང་ ཆ་ཤས་ག་ར་ཚངམ་སྦེ་ཡོདཔ་ད་ ཁག་འབགཔ་གིས་ རིན་བསྡུར་ཡིག་ཆ་དང་ འཕྲུལ་རིག་རིན་བསྡུར་ལ་སོགས་པའི་ ཡིག་ཆ་ཚུ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དགོ་ཟེར་ཨིནམ་ལས་ ཁོང་གིས་བཀོད་མི་ ཆ་ཤས་དེ་ཚུ་ ཡིག་ཆ་དེ་ཚུ་ནང་ ཡོད་ཟེར་ཨིན་པས།

ད་རེས་ དུས་ཚོད་ཐེབས་བྱིན་མི་དེ་ འཕྲལ་འཕྲལ་རྒྱ་གར་ལུ་ འགྲུལ་བཀག་འབད་མི་དང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་བའི་སྐབས་ ཅ་ཆས་དང་ ཞབས་ཏོག་གི་ ཁྲལ་བཀལ་མི་ དེ་ལས་ ཡིག་ཆ་ཚུ་ ཆ་འཇོག་འབད་ནི་ལུ་ དུས་ཚོད་འགོར་མི་ཚུ་ལུ་ གཞི་བཞག་སྟེ་ཨིནམ་ལས་ ཆ་ཤས་མི་ཚུ་གིས་ རྒུད་འཐུས་སྦེ་ མེན་ཟེར་ཨིན་པས།

མ་ནི་ཀུ་མར་རི་ཟཱལ་གྱིས་ སླབ་མིའི་ནང་ ད་རེས་ཀྱི་ དུས་ཐེབས་དེ་ སྤྱི་ཟླ་༥ པའི་ཚེས་༡ ལས་ ཟླ་༡༡ པའི་ཟླ་ཕྱེད་ཚུན་ ཨིན་ཟེར་ཨིནམ་ད་ ལས་འགུལ་དེ་ལུ་ དངུལ་ཀྲམ་ས་ཡ་༨༩ བགོ་བཀྲམ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *