༉ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུ་རྐ་ཚུ་སྐམ་འགྱོ་ནི་དེ་གིས་ རྫོང་ཁག་༢༠ ག་རའི་ནང་ འཐུང་ཆུ་ལངམ་མེད་པའི་དཀའ་ངལ་ ཐོན་དོ་ཡོདཔ་ལས་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ཆརཔ་བཟེད་དེ་འཐུང་ནི་ འགོ་བཙུགས་ནུག།
ནུབ་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ དཀའ་ངལ་སྦོམ་ཤོས་ར་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ལུ་ ཐོན་ཡོདཔ་བཞིན་དུ་ དབང་འདུས་ཕངས་ཡུལ་རྒེད་འོག་ནང་ འཐུང་ཆུ་མེདཔ་ལས་ མི་སེར་ཚུ་གིས་ ཆུ་རྫབ་འདམ་རྫབ་དང་ཆུ་རྫིང་ཚུ་ལས་ དབོགས་འཐུང་དོ་ཡོདཔ་ཨིན་པས།
ཕངས་ཡུལ་རྒེད་འོག་བདག་སྐྱོང་གི་ ལས་བྱེདཔ་ཅིག་གིས་ སླབ་མིའི་ནང་ འཐུང་ཆུ་མེདཔ་ལས་ འཕྲལ་འཕྲལ་རང་ འདམ་རྫབ་ནང་ལས་ ཆུ་དབོགས་དགོཔ་ཐོན་ཡོདཔ་མ་ཚད་ གསང་སྤྱོད་ནང་ ཆུ་བླུག་ནི་མེདཔ་ལས་ ཆབ་གསང་གཏང་པར་ ཚལ་མ་ནང་ འགྱོ་དོ་ཟེར་ཨིན་པས།
གནམ་གཤིས་འགྱུར་བགྲོད་ཀྱིས་ ཆུ་སྐམ་འགྱོ་བའི་ བདེན་རྟགས་དེ་ སྤུ་ན་ཁ་ རྟ་ལོག་རྒེད་འོག་ གུང་ཁྲ་མོ་གཡུས་ཚན་ནང་ཡོད་པའི་ ཆུ་རྫིང་ཚུ་གིས་ གསལ་སྟོན་འབད་དོ་ཡོད་མི་དེ་ཡང་ ས་གནས་འདམ་འཕེལ་མཇུག་གི་ ཆུ་རྫིང་ལས་ ཁྱིམ་གུང་༡༣ དེ་ཅིག་གིས་ སྤྱི་ལོ་༢༠༡༥ ཚུན་ཚོད་ ཆུ་འཐུང་ཡོད་རུང་ ད་རེས་འབད་བའི་བསྒང་ལས་ ཆུ་རྫིང་བསྐམས་སོ་ནུག།
སྐྱེས་ལོ་༦༩ ལང་མི་ ཚེ་རིང་དེ་ ལོ་ངོ་༡ ལྷགཔ་ཅིག་གི་རིང་ ཁྱིམ་ཚང་ལས་ ཆུ་ལྷང་སྟེ་ འཐུང་ཡོདཔ་ཨིན་རུང་ད་རེས་ནངས་པར་ ཁྱིམ་ཚང་གིས་ མོ་ལུ་ ཆུ་བྱིན་ནི་ མཚམས་འཇོག་འབད་ཡོདཔ་ལས་ ཆུ་འཐུང་ནི་དང་ ཆུ་འཁྱུ་ནིའི་དོན་ལུ་ ཆར་ཆུ་ལུ་ བརྟེན་དོ་ཡོདཔ་ཨིན་པས།
རྟ་ལོག་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མར་ རྒེད་འོག་ནང་ཡོད་མི་ ཆུ་རྫིང་དང་ འདམ་རྫབ་ཚུ་ བསྐམས་མི་ལུ་བལྟ་བ་ཅིན་ འཛམ་གླིང་གི་ ཚ་དྲོད་ཡར་འཕར་ འགྱོ་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ཀྱི་ རྒྱལ་ཡོངས་གསོ་བའི་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ མི་རློབས་བརྒྱ་ཆ་༩༧.༧ དེ་ཅིག་ལུ་ ཆུ་དུང་ཐོག་ལས་ འཐུང་ཆུ་བཀྲམ་སྤེལ་འབད་དེ་ཡོད་རུང་ གཡུས་ཚན་ལེ་ཤ་ཅིག་ནང་ ཆུ་དུང་ཚུ་ལས་ ཆུ་ཐོན་ནི་མེད་པར་ དཀའ་ངལ་བྱུང་མི་དེ་ ཆུ་བསྐམས་མི་ལུ་བརྟེན་ཨིན་པས།
འཐུང་ཆུ་སྐམ་འགྱོ་མི་དེ་ རྒྱལ་ཡོངས་ཀྱི་ དཀའ་ངལ་ཅིག་ཨིནམ་ད་ དཔེར་ན་ པདྨ་དགའ་ཚལ་ཤུ་མར་རྒེད་འོག་གི་ ག་མུང་དང་ དགོན་པ་འུང་གཡུས་ཚན་༢ ནང་ འཐུང་ཆུ་རྩ་ལས་མེདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ བདུན་མཐའ་ཨ་རྟག་ར་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ ལམ་ལུགས་ཅིག་ འགོ་བཙུགས་ནུག།
ཤུ་མར་རྒཔོ་སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་རེས་ ཆུ་རྫིང་ཆུང་ཀུ་རེ་ཡོད་མི་ཚུ་ཡང་ གནམ་དགུན་ལུ་ སྐམ་འགྱོ་བའི་སྐབས་ འཐུང་ཆུའི་དཀའ་ངལ་སྦོམ་སྦེ་ར་ ཐོན་དོ་ཟེར་ཨིནམ་ད་ ཆུ་རྐ་སྐམ་འགྱོ་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ རྫོང་ཁག་བདག་སྐྱོང་གི་ རྒྱབ་སྐྱོར་ཐོག་ལས་ ཆང་ཕྱི་ཡོད་མཇུག་རོང་ཆུ་དེ་ འཐེན་ནིའི་དོན་ལུ་ འཆར་གཞི་བརྩམ་དོ་ཟེར་ཨིན་རུང་ རྒྱལ་ཁབ་ཀྱི་གཡུས་ཚན་ མང་ཤོས་ཅིག་ བྱག་དང་ འགྱེན་གཟར་དྲགས་གུ་ ཆགས་ནི་དེ་གིས་ རོང་ཆུ་འཐེན་ནིའི་ལཱ་དེ་ ཟད་འགྲོ་སྦོམ་ གནས་ནི་མས་ཟེར་ཨིན་པས།
མོང་སྒར་སྐྱེངས་མཁར་རྒེད་འོག་ལུ་འབད་བ་ཅིན་ ཧེ་མ་ཡོད་པའི་ ཆུ་རྐ་༥ བསྐམས་ནི་དེ་གིས་ ད་རེས་ ཁྱིམ་གུང་༤༨༢ ཀྱི་ མི་སེར་༢,༢༡༢ ཆརཔ་བཟེད་དེ་ འཐུང་དོ་ཡོདཔ་ད་ གལ་སྲིད་ དེ་བཟུམ་གྱི་ ཐབས་ཤེས་མ་བཏོན་པ་ཅིན་ མི་ཚུ་ལུ་ དཀའ་ངལ་སྦོམ་འབྱུང་ནི་ཨིན་པས།
རང་བཞིན་གནས་སྟངས་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ རྒེད་འོག་གི་ ཆུ་རྐ་༥ བསྐམས་མི་ལུ་ བལྟ་བ་ཅིན་ གནམ་གཤིས་འགྱུར་བགྲོད་ཀྱི་ གནོད་སྐྱོན་འོང་ནི་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ དཀའ་ངལ་དེ་ ཤར་ཕྱོགས་རྫོང་ཁག་ ལེ་ཤ་ཅིག་ནང་ཡོདཔ་ཨིན་པས།
གྲོང་གསེབ་འཐུང་ཆུ་ཞིབ་འཚོལ་སྙན་ཞུ་༢༠༡༤ ཅན་མ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ཁྱིམ་གུང་༡༣,༧༣༢ དེ་ཅིག་ལུ་ འཐུང་ཆུ་མེད་པའི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ནང་ མི་རློབས་ཡར་སེང་འགྱོ་མི་དང་ གོང་འཕེལ་གྱི་ལས་སྣ་ དེ་ལས་ གཟུགས་ཁམས་འཕྲོད་བསྟེན་ ཡར་དྲག་འགྱོ་མི་ལུ་བརྟེན་ ཆུའི་མཁོ་འདོད་ཡར་འཕར་འགྱོཝ་ད་ འཐུང་ཆུ་མ་ལང་པའི་ དཀའ་ངལ་དེ་ཡང་ ཚབས་ཆེན་ཅིག་ལུ་ འགྱུར་དོ་ཡོད་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།