ཆུ་རྐ་དང་འབྲེལ་བའི་ ཉེས་ཁྲིམས་བཀལ་མི་ལུ་ མཐོ་གཏུགས་འབད་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༣ ལུ་ སྤུ་ན་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྟོད་པའི་རྒེད་འོག་གི་ གཡུས་ཚན་༥ འི་མི་སེར་༣༢ ལུ་ རྟ་ལོག་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ཆུ་མཛོད་༣ རྐྱབ་ཡོད་མི་ཚུ་ བརྡལ་ཤིག་བཏང་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༦ ལས་ལོ་༡ ཚུན་ བཀལ་ཡོད་མི་དེ་ལུ་ མི་སེར་ཚུ་གིས་ མཐོ་གཏུགས་ཞུ་ཡིག་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༧ ལུ་ མཐོ་གཏུགས་འབད་མི་དང་འཁྲིལཝ་ད་ རྫོང་ཁག་ཁྲིམས་འདུན་གྱིས་བཀལ་མི་ ཉེས་བྱ་ཚུའི་གྲས་ལས་ སྒང་ཁྲ་མོའི་མི་སེར་ཚུ་གིས་ འུར་ལཱ་རྒྱུག་མིའི་ ཉིན་གྲངས་བསྡོམས་༡༢༤༣ ལས་ ཕྱེད་ཀ་གི་དོན་ལུ་ གླ་འཐུས་ཉིནམ་རེ་ལུ་ དངུལ་ཀྲམ་༣༥༠ རེ་རྩིས་རྐྱབ་སྟེ་ བསྡོམས་ཀྱིས་དངུལ་ཀྲམ་༢༡༧,༣༥༠ རྟ་ལོག་རྒེད་འོག་བདག་སྐྱོང་ལུ་ ལོག་སྤྲོད་དགོཔ་སྦེ་ཡོད་མི་དེ་ ངོ་མ་ར་ རྒེད་འོག་དེའི་ མི་སེར་ཚུ་གིས་ རྫོང་ཁག་བདག་སྐྱོང་གིས་གནང་མི་ བཀའ་རྒྱ་ལུ་མ་གནས་པར་ ཆུ་རྐ་སོ་སོར་ལས་བཏོན་མི་ལུ་བརྟེན་བྱུང་ཡོདཔ་ལས་ ཉེས་བྱ་དེ་འབག་མི་ཚུགས་ཟེར་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ མཐོ་གཏུགས་འབད་མི་ཚུ་གིས་ སྤྱི་ལོ་༢༠༡༥ ལུ་ རྟ་ལོག་རྒེད་འོག་གི་ གཡུས་ཚན་ཚུ་གི་དོན་ལུ་ ཆུ་ཟམ་མུ་ལས་བཏོན་ནིའི་དོན་ལུ་ སྟོད་པའི་རྒཔོ་གིས་ཡང་ ངོས་ལེན་འབད་ཡོད་རུང་ ཤུལ་ལས་ ཆུ་རྐ་སོ་སོར་ལས་བཏོན་མི་དེ་ རྟ་ལོག་རྒེད་འོག་གི་འཛོལ་བ་ཡོད་རུང་ དེ་ལུ་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་ག་ནི་ཡང་ མ་བཀལ་བས་ཟེར་ཞུ་ནུག།
བྱ་ངན་ནང་ ཉེས་ཁྲིམས་ཕོག་མིའི་གྲས་ལས་ སྐྱེས་ལོ་༤༨ ལང་མི་ ཀུན་བཟང་གིས་ བཤད་མིའི་ནང་ བྱ་ངན་དེ་ཐོན་དགོ་མི་དེ་ རྟ་ལོག་རྒེད་འོག་གིས་ ཉེན་ཁུ་མེད་པའི་ ལཱ་འབད་བའི་ཤུལ་ལས་བྱུང་ཡོདཔ་ལས་ འཛོལ་བ་འདྲན་འདྲ་ཡོད་རུང་ ཉེས་ཁྲིམས་དེ་ ང་བཅས་ཀྱིས་འབད་མི་རྐྱངམ་གཅིག་ ཁྲིམས་འགལ་དང་ ཁོང་གིས་འབད་མི་དེ་ ཁྲིམས་འགལ་མེནམ་བཟུམ་འབད་མི་དེ་ ཁྲིམས་ག་ལུ་ ཆ་བཞག་སྟེ་ འབད་འབདཝ་ཨིན་ན་ཟེར་ མཐོ་གཏུགས་ནང་ ཞུ་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོང་གི་གཡུས་ཚན་གྱི་ ཨ་རིང་གི་ ཆུ་རྐ་ལས་བཏོན་ནི་དེ་གིས་ ཞིང་ནང་ཆུ་མ་ལང་པའི་ དཀའ་ངལ་ཡོདཔ་ལས་ ཐབས་ར་མེད་པར་ གཡུས་མི་ཚུ་གིས་འཛོམས་འདུ་རྐྱབ་སྟེ་ ཆུ་མཛོད་ཚུ་ བརྡལ་ནིའི་ཐག་བཅད་དེ་ དོན་ཅན་སྦེ་ར་ འབད་འབདཝ་ཨིན་ཟེར་ཨིན་པས།
ང་བཅས་ཀྱིས་ དེ་བཟུམ་འབད་ནི་དེ་ ཁྲིམས་འགལ་ཨིནམ་ཤེས་ཏེ་འབད་རུང་ ཆུའི་རྐ་བདག་འཛིན་འབད་ཐབས་ལུ་ འབད་ཡོདཔ་ལས་ ཆུ་མཛོད་བརྡལ་མིའི་ཟད་འགྲོ་ གཞུང་ལུ་ ལོག་བཙུགས་དགོ་མི་ལུ་ བློ་འགྱོད་ག་ནི་ཡང་ མེད་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ གཡུས་མི་༢༠ ལུ་ ཉེས་ཕྲའི་ཉེས་ཁྲིམས་ཐོག་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ་ད་ གཞན་མི་༡༢ ལུ་ བྱ་ངན་འབད་ནིའི་ནང་ འབྲེལ་གཏོགས་འབད་མི་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ སྟོད་པའི་རྒེད་འོག་གི་ རི་ན་ཁ་དང་ དམ་སྤྱི་གཡུས་ཚན་གྱི་མི་ཚུ་གིས་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་ལུ་ རྟ་ལོག་རྒེད་འོག་གི་ སྒང་ཁྲ་མོ་དང་ ཧ་པི་ལྡིང་གཡུས་ཚན་གཉིས་ཀྱི་དོན་ལུ་ ཆུ་རྐ་དེ་ ཁོང་གིས་ ཆུ་རྐ་ནང་ལས་འཐེན་ཡོད་མི་དེ་ བཀག་ཆ་འབད་དགོ་པའི་ ཞུ་བ་འབད་བའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།
རི་ན་ཁ་དང་ དམ་སྤྱི་གཡུས་ཚན་གྱི་མི་ཚུ་གིས་ ཆུ་རྐ་དེ་ལས་ ཆུ་མ་ལང་ནི་དེ་གིས་ ཁོང་གི་ཞིང་ཚུ་ སྟོངམ་སྦེ་བཞག་དགོཔ་ཐོན་ཏེ་ཡོད་ཟེར་ ཞུ་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༤ ལུ་ གཡུས་ཚན་དེ་གི་དོན་ལུ་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ ལཱ་འགོ་བཙུགས་ནི་འབདཝ་ད་ དམ་སྤྱི་དང་ རི་ན་ཁའི་མི་སེར་ཚུ་གིས་ རྫོང་ཁག་བདག་སྐྱོང་ལུ་ ཆུའི་རྐ་སོ་སོར་ ངོས་འཛིན་འབད་དགོ་པའི་ ཞུ་བ་འབད་ཡོད་རུང་ སྤྱི་ལོ་༢༠༡༦ ལོའི་ སྤྱི་ཟླ་༡ པའི་ནང་ ཆུ་མཛོད་༣ བརྡལ་བཏང་པའི་ཁར་ ཆུ་དུང་ཚུ་ བརྫམས་བཏང་བའི་ཤུལ་ལས་ རྩོད་རྙོགས་དེ་ ཐོན་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *