བཀྲིས་སྒང་ཁྲོམ་ཁར་སྡོད་མི་ཚུ་གིས་ སྣུམ་འཁོར་ཊཱག་ ཊེང་ཀར་ནང་ལས་ ཆུ་བཟེད་འབག་པའི་བསྒང་།

ཆུ་རུད་ཐོན་མི་ལུ་བརྟེན་ བཀྲིས་སྒང་ཁྲོམ་ཁར་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ བཀྲིས་སྒང་ལུ་ ཆུ་རུད་ཐོན་མི་དེ་གིས་ རང་གཤིས་ཁར་ལུ་ཡོད་པའི་ ཆུ་རྐ་ལུ་ ཆུ་དུང་༣ མེདཔ་བཏང་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ མི་རློབས་༥,༠༠༠ དེ་ཅིག་དང་ སྨན་ཁང་གི་ས་ཁོངས་ དེ་ལས་ མེལ་ཕི་གི་ས་ཁོངས་ནང་སྡོད་མི་ཚུ་ལུ་ ཉིན་གྲངས་༣ དང་ཞག་༤ ཆུ་མེད་པར་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།
ཆུ་རྐ་༡ ཕོངས་མེད་ཁྲིམས་སྲུང་འགག་སྡེའི་ས་ཁོངས་དང་ ལུང་ཟོར་བཙོན་ཁང་ནང་མཐུད་དེ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ རྫོང་ཁག་ཁྲོམ་སྡེའི་ འགོ་དཔོན་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཁྲོམ་ཁར་སྡོད་མི་ཚུ་ ཆུ་རྐ་ཉམས་བཅོས་འབད་བར་ སོང་ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆུ་རྐ་ལུ་ཡོད་པའི་ བསགས་མཛོད་༤ ལུ་ གནོད་རྐྱེན་ག་ནི་ཡང་ མ་འབྱུང་པས་ཟེར་ཨིནམ་ད་ ཆུ་བཀྲམ་སྤེལ་འབད་སའི་ མཐུད་སྦྲེལ་དེ་ མེདཔ་བཏང་ཡོདཔ་ལས་ ད་རུང་ ཁས་བླངས་པ་དང་ འགོ་དཔོན་ཚུ་བཏང་སྟེ་ ཡོད་ཟེར་ཨིན་པས།
བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཕྱི་རུ་ཁམས་ཅིག་ཁར་ སྡེ་ཚན་ཅིག་གིས་ གནས་སྐབས་ཅིག་གི་དོན་ལུ་ ཆུ་དུང་མེདཔ་བཏང་མི་དེ་ བཟོ་ཚུགས་ཡི་ཟེར་ཨིནམ་ད་ ས་ཁོངས་དེ་ནང་ ལོག་ཆརཔ་རྐྱབ་མི་ལུ་བརྟེན་ ད་རུང་ འཕྱགས་བདའ་ནུག་ཟེར་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ ཆུ་དུང་ལུ་ གནོད་པ་སྦོམ་སྦེ་ར་ རྐྱབ་སྟེ་ཡོདཔ་ལས་ ཆུ་དུང་ཚུ་ ཚབ་བཙུགས་དགོ་པས་ཟེར་ཨིནམ་ད་ ཆུ་དུང་འཐོབ་ནིའི་དོན་ལུ་ དུས་ཚོད་འགོར་ནི་ཨིནམ་ལས་ མི་སེར་ཚུ་ ཁོང་རའི་ཁྱིམ་ནང་ ཆུ་ཐོབ་ཐབས་ལུ་ གནས་སྐབས་ཅིག་གི་དོན་ལས་ ཉམས་བཅོས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁ་ཙ་ དྲོ་པའི་ཆུ་ཚོད་༥ ལས་ ཁས་བླངས་པ་༡༥ དང་ འགོ་དཔོན་ཚུ་ ཆུ་རྐ་ཉམས་བཅོས་ཀྱི་དོན་ལུ་ སོང་ཡོདཔ་ལས་ ཆུ་དུང་ཚབ་བཙུགས་མི་ཚུ་ ད་ལྟོ་ བརྟན་ཏོག་ཏོ་ འདུག་ཟེར་སླབ་ཡོདཔ་ལས་ ཕྱི་རུ་ཁམས་ཅིག་ལུ་ ཆུ་ལྷོད་འོང་ཟེར་བའི་ རེ་འདོད་བསྐྱེད་དེ་ཡོད་ཟེར་ཨིནམ་ད་ ནགས་ཚལ་འགོ་དཔོན་ཚུ་གི་ ས་ཁོངས་དང་ ཁྲོམ་ཁར་ལུ་ ཁ་ཙ་ལས་ ཆུ་ཐོབ་ཅི་ཟེར་ཨིན་པས།
གནས་སྐབས་ཅིག་གི་དོན་ལུ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཁག་འབག་གི་ལཱ་འབད་མི་ ཨྱོན་དབང་ཕྱུག་གིས་ ཁོ་རའི་ ཆུ་མཛོད་ནང་ལས་ ཁ་ཙ་ཚུན་ སྣུམ་འཁོར་ཐོག་ ཆུ་ལི་ཊར་༦༠,༠༠༠ བཀྲམ་སྤེལ་འབད་ཡོདཔ་ད་ ཨྱོན་དབང་ཕྱུག་གིས་ སླབ་མིའི་ནང་ ཆུ་རྐ་ཉམས་བཅོས་འབད་མ་ཚར་ཚུན་ ཁོ་གིས་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
ཟ་ཁང་བཙུགས་སྡོད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཆུ་མེད་པའི་སྒང་ལས་ ག་ནི་ཡང་འབད་མི་ཚུགས་ཟེར་ཨིནམ་ད་ ཟ་ཁང་ནང་ གཙང་སྦྲ་བཏོན་མི་ཚུགས་པས་ ཟེར་ཨིན་པས།
ཁ་ཙ་ཚུན་ ཁྲིམས་སྲུང་འགག་སྡེའི་ མེ་བསད་སྣུམ་འཁོར་གྱིས་ སྨན་ཁང་གི་དོན་ལུ་ ཆུ་མཛོད་ནང་ ཚར་༢ ཆུ་བསྐང་ཡོདཔ་ད་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྣུམ་འཁོར་དེ་གིས་ སྨན་ཁང་ལུ་ ཕན་ཐོགས་ཅི་ཟེར་ཨིནམ་ད་ སྨན་ཁང་ནང་ ནདཔ་ལེ་ཤ་ཡོདཔ་ལས་ ནདཔ་དང་གཅིག་ཁར་སྡོད་ཚུ་ལུ་ ཆུ་མ་འཐོབ་པའི་དཀའ་ངལ་ཆུང་ཀུ་རེ་མ་གཏོགས་ ད་ཚུན་ སྨན་བཅོས་ཁང་ནང་ ལཱ་དེ་ཚུ་ ཨ་རྟག་ཧར་ལུགས་སྦེ་ར་ འབད་དེ་ཡོད་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ ལ་ལོ་ཅིག་གིས་ འཐུང་བཏུབ་པའི་ཆུ་ ཁག་༢ ཡོད་མི་དེ་ ལག་ལེན་འཐབ་ཡོདཔ་ད་ ལ་ལོ་ཅིག་གིས་ ཆར་ཆུ་བསྐང་སྟེ་ ལག་ལེན་འཐབ་ནུག་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ ཀི་ལོ་མི་ཊར་༥ གི་ས་ཁོངས་ སྤམ་དང་ གོ་དི་ དེ་ལས་ རང་འབྱུང་འགྱོ་སའི་ ལམ་ཁར་ཡོད་པའི་འཐུང་ཆུ་ཚུ་ ལག་ལེན་འཐབ་ནུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *