༉ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ནུབ་མོ་ ལྷུན་རྩེ་སྒང་ཟུར་རྒེད་འོག་ ཤ་ཝ་འཛམ་གླིང་སྤྱི་འོག་གི་ ཤ་ཝ་གཡུས་ཚན་ནང་ ཆུ་རུད་ཐོན་ནི་དེ་གིས་ གུང་པ་༢༠ གི་ ཆུ་ཞིང་དང་ སྐམ་ཞིང་བསྡོམས་ ཨེ་ཀར་༡༧ ནང་ འཛུགས་སྐྱོང་འབད་མི་འབྱ་ཚུ་ འཕྱགས་བདའ་ནུག།
དེ་ཡང་ ཆུ་ཞིང་ཨེ་ཀར་༡༢ ལྷགཔ་ཅིག་དང་ སྐམ་ཞིང་ཨེ་ཀར་༥ ནང་ འཛུགས་སྐྱོང་འབད་མི་འབྱ་དང་ ཨེ་ཀར་༡ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ ཨེ་མ་ཚུ་ག་ར་ ཆུ་རུད་ཀྱིས་ འཕྱགས་བདའ་ནུག།
སྒང་ཟུར་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ དེ་ཚེ་ནུབ་མོར་ ཤ་ཝ་གཡུས་ཚན་གྱི་ རི་གུ་ལས་བབས་མི་ རོང་ཆུ་བྲེས་ཏེ་ ཆུ་རུད་ཐོན་མི་དེ་གིས་ གཡུས་ཚན་ནང་གི་ ཆུ་ཞིང་ཚུ་ག་ར་ མེདཔ་བཏང་ཡོད་པའི་ཁར་ སྐམ་ཞིང་ཚུ་ཡང་ རྩ་བ་ལས་ མེདཔ་བཏང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ བསྟན་པ་ཚེ་རིང་གིས་ སླབ་མིའི་ནང་ ཆུ་རུད་ཐོན་པའི་སྐབས་ ཁོ་ཡང་ ནུབ་མོར་ ཞིང་སྲུང་སྡོད་པའི་སྐབས་ རོང་ཆུ་དེ་ འགྲོས་ཀྱིས་སྦེ་ སྦོམ་ཐལ་མི་ལུ་བརྟེན་ ཚ་གྱང་ལངས་ཏེ་ ཞིང་གི་མཐའ་མར་ ལྟ་སྡོད་ཅི་ཟེར་ཨིན་པས།
ཆུའི་མཐའམ་བདའ་སྟེ་ ཞིང་ནང་བཏགས་བཞག་མི་ གླང་༤ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་མ་ཚད་ ཁོ་རའི་ཆུ་ཞིང་ གླང་དོ་༢ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་མི་ འབྱ་དེ་ཡང་ མཐོང་ནི་མེདཔ་སྦེ་ འཕྱགས་བདའ་ནུག་ཟེར་ ཁོ་གིས་ སླབ་ཨིན་པས།
སྐྱེས་ལོ་༢༩ ལང་མི་ འཇམ་དབྱངས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཆུ་ཞིང་དེ་ལུ་བརྟེན་ འཚོ་སྐྱོང་འཐབ་སྡོད་མི་ བཟའ་ཚང་༦ པོ་དེ་ ད་ལས་ཕར་ ག་དེ་སྦེ་ གསོ་སྐྱོང་འཐབ་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ ཨིན་པས།
ཨ་ལོ་༦ གི་ཨ་པ་ སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླཝ་ནང་ ལྕང་ལཱ་རྐྱབ་མི་ ཆུ་ཞིང་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ མེདཔ་བཏང་ཡོདཔ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་དང་ ཁྱིམ་ནང་སྡོད་མི་ ཨ་ལོ་ཚུ་ ག་དེ་སྦེ་ གསོ་ནི་ཨིན་ནའི་ སྡུག་བསྔལ་ཕོག་ཡི་ཟེར་ཨིན་པས།
སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གླང་དོ་༢ ལྷགཔ་ཅིག་ནང་ ལྕང་ལཱ་རྐྱབ་མི་དེ་གིས་ ཆུམ་བྲེ་༤༠༠ དང་༥༠༠ འི་བར་ན་ ཐོན་དོ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༤༥,༠༠༠ དེ་ཅིག་ འཐོབ་ནི་ཡོད་ཟེར་ཨིན་པས།
སྒང་ཟུར་གྱི་དམངས་མི་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ རྒེད་འོག་གིས་ ཉམས་རྒུདཔ་ཚུ་ལུ་ དེ་འཕྲོ་ལས་ རྒྱབ་སྐྱོར་འབད་མ་ཚུགས་རུང་ སང་ཕོད་ལས་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ ཆུ་ཞིང་ཚུ་ ཞིབ་དཔྱད་འབད་ཞིནམ་ལས་ རྫོང་ཁག་དང་ ལྷན་ཁག་གི་གནང་བ་དང་འཁྲིལ་ འཕྲུལ་གླང་ཚུ་བཙུགས་ཏེ་ ལོག་ཉམས་བཅོས་འབད་ནི་དང་ ས་གཞན་འཚོལ་ནི་ལུ་ ཆ་རོགས་འབད་ནི་ཨིན་ཟེར་ཨིན་པས།
ལྷུན་རྩེ་རྫོང་རབ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ཆུ་རུད་ཀྱི་ རྐྱེན་ངན་བྱུང་རུང་ མིའི་ཚེ་སྲོག་ལུ་ བར་ཆད་ག་ནི་ཡང་ མ་བྱུངམ་ལས་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ གནོད་སྐྱོན་བྱུང་མི་ཚུ་ ད་ལྟོ་ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་ཚུ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ནང་ གཏང་ཞིནམ་ལས་ ལས་ཁུངས་ཀྱི་བཀའ་རྒྱ་དང་འཁྲིལ་ ཉམས་རྒུདཔ་ཚུ་ལུ་ ཆ་རོགས་འབད་ནི་ཟེར་ཨིན་པས།
ཤ་ཝ་གཡུས་ཚན་དེ་ རྒེད་འོག་ནང་ལས་ ཀི་ལོ་མི་ཊར་༢༨ ཀྱི་ ས་ཁར་ཨིནམ་བཞིན་དུ་ ད་ལྟོ་ རྐྱེན་ངན་བྱུང་སའི་ ཆུ་ཞིང་ཚུ་ གཡུས་ཚན་ལས་ ཀི་ལོ་མི་ཊར་༡ དེ་ཅིག་ འགྱོ་དགོཔ་ཨིན་པའི་གནས་ཚུལ།
ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།