༉ དུས་ཅི་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ སོམ་ཤིང་སྤྱི་འོག་གི་ ཐིམ་ཡུལ་གཡུས་ཚན་ནང་ གུང་པ་༢༠ གིས་ ཞིང་ཆུ་མེད་མི་ལུ་བརྟེན་ ཆུ་ཞིང་ཨེ་ཀར་༡༥ ལྷགཔ་ཅིག་ ལྕང་ལཱ་རྐྱབ་མ་ཚུགས་པར་ སྟོངམ་སྦེ་བཞག་ དགོཔ་ ཐོན་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༧ གྱི་ཟླཝ་༧ པའི་ནང་ ཤ་ཝ་གཡུས་ཚན་ལྟག་གི་ རོང་ཆུ་བྲེས་ཏེ་ ས་རུད་དང་ ཆུ་རུད་ཐོན་མི་གིས་ སྤྲིངས་ཟམ་འཕྱགས་བདའ་བའི་ཁར་ ཞིང་ཆུའི་རྐ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ སོམ་ཤིང་དང་ ཐིམ་ཡུལ་གཡུས་ཚན་༢ ཀྱི་ མི་སེར་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ནོར་འཛིན་ལྷ་མོ་གིས་ སླབ་མིའི་ནང་ དུས་ཚོད་འ་ནེམ་གཅིག་ཁར་ གྲྭ་ཚང་གི་ མཆོད་ཞིང་གླང་དོ་གཅིག་དང་ ཕྱེད་ཀ་འབད་མི་ལས་ རེད་ཉི་ཤུ་ལས་བཅད་དེ་ བསྡུ་གསོག་འབད་དེ་ བཟའ་སྤྱོད་འབད་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ཞིང་ཆུ་མེད་མི་དང་ ཞིང་ནང་ལཱ་འབད་བར་འགྱོ་སའི་ སྤྲིངས་ཟམ་མེད་མི་ལུ་བརྟེན་ ལཱ་འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གྲྭ་ཚང་གི་ མཆོད་ཞིང་དེ་ མོ་གིས་ བགོ་བཤའི་ཐོག་ལུ་ བཟའ་སྤྱོད་འབད་དེ་ ལོ་བཅུ་ཕྲག་ལང་ཡི་ཟེར་ཨིན་པས།
སྐྱིད་ལུང་གཡུས་ཚན་ལས་ སྐྱེས་ལོ་༣༠ ལང་མི་ ལྷ་མོ་གིས་ སྐྱིད་ལུང་གཡུས་ཚན་དང་ ཐིམ་ཡུལ་གཡུས་ཚན་༢ ཀྱི་ཁྱིམ་གུང་༤༠ དེ་ཅིག་ལུ་ ཀུར་རི་ཆུའི་སྤྲིངས་ཟམ་དེ་ གལ་གནད་ཅན་ཅིག་ཨིནམ་ལས་ ཟམ་དེ་མེད་པའི་བསྒང་ལས་ གཡུས་མི་ཚུ་ལུ་ དཀའ་ངལ་སྦོམ་ར་ཐོན་ཡོད་ཟེར་ཨིན་པས།
ཟམ་དེ་འཕྱགས་བདའ་སྟེ་ ཧ་ལམ་ལོ་༢ ལང་རུང་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ ངོས་ལེན་ག་ནི་ཡང་མིན་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ མཆོད་ཞིང་དེ་ནང་ ལྕང་ལཱ་རྐྱབ་ སྒོ་ནོར་སེམས་ཅན་ཚུ་ཡང་ ས་གནས་དེ་ཁར་ བཞག་དོ་ཡོད་རུང་ ཞིང་དང་ གཡུས་སྒོའི་རྒྱུན་འགྲུལ་འཐབ་སའི་ སྤྲིངས་ཟམ་དེ་ འཕྱགས་བདའ་བའི་བསྒང་ལས་ སྐོར་ལམ་ལས་ རྒྱུན་འགྲུལ་འཐབ་ནི་དེ་ ལམ་ཐག་རིང་བའི་དཀའ་ངལ་སྦོམ་ཐོན་ཏེ་ བྱ་ཐབས་མེད་པར་ ཞིང་སྟོང་བཞག་དགོཔ་བྱུང་ཡི་ཟེར་ཨིན་པས།
སྤྲིངས་ཟམ་མེད་པའི་དཀའ་ངལ་དེ་ ནོར་འཚོ་སྡོད་མི་ བཀྲིས་དབང་མོ་གིས་ འབད་བ་ཅིན་ ཉིན་མར་ ཐིམ་ཡུལ་གཡུས་ཚན་ནང་ སྒོ་ནོར་སེམས་ཅན་ཚུ་ འཚོ་སྐྱོང་འཐབ་ ཕྱི་རུ་ ལོག་མོ་རའི་ཁྱིམ་ སྐྱིད་ལུང་མཁར་གཡུས་ཚན་ནང་ འོང་པའི་སྐབས་ ཧེ་མ་འབད་བ་ཅིན་ དུས་ཡུན་སྐར་མ་༢༠ དང་༣༠ གི་བར་ན་ ལྷོད་ཚུགསཔ་ཨིན་རུང་ ད་རེས་ཆུ་ཚོད་༢ དེ་རེ་འགོརཝ་མས་ཟེར་ཨིན་པས།
གཞན་ཡང་ ཐིམ་ཡུལ་གྲྭ་ཚང་ལས་ བླམ་སྒྲུབ་བརྒྱུད་བསྟན་འཛིན་གྱིས་ སླབ་མིའི་ནང་ ཐིམ་ཡུལ་གྲྭ་ཚང་ནང་ དགེ་སློང་ཞལ་སློབ་༢༠ དེ་ཅིག་ཡོད་ཟེར་ཨིནམ་ད་ ས་གནས་ནང་ ཚོང་ཁང་ཅིག་མེདཔ་ལས་ བཟའ་འཐུང་ གི་རིགས་ཚུ་ སྒང་ཟུར་རྒེད་འོག་དང་ ལྷུན་རྩེ་ཁྲོམ་ལས་ མཁོ་སྒྲུབ་འབད་དགོཔ་ལས་ རྐང་ཐང་སྦེ་ འགྱོ་བའི་སྐབས་ ལམ་ཐག་རིང་མི་གིས་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།
སྤྲིང་ཟམ་མེད་པའི་གནད་དོན་སྐོར་ རྫོང་ཁག་བདག་སྐྱོང་ཡིག་ཚང་ནང་ ཡིག་ཐོག་ལུ་ སྙན་ཞུ་ཚར་༢ རེ་ཕུལ་ཡོད་རུང་ ད་ལྟོ་ལན་གསལ་ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
སོམ་ཤིང་སྤྱི་འོག་ཚོགས་པ་ བསོད་ནམས་ལྷ་མོ་གིས་ སླབ་མིའི་ནང་ དཀའ་ངལ་འདི་གི་སྐོར་ལས་ རྒེད་འོག་འཛོམས་འདུ་འཚོགས་པའི་སྐབས་ རྒཔོ་དང་ བདག་སྐྱོང་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སྒང་ཟུར་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ སོམ་ཤིང་སྤྱི་འོག་གི་ མི་སེར་ཚུ་ལས་ ཡིག་ཐོག་ལུ་ སྙན་ཞུ་མ་ལྷོད་རུང་ ཚོགས་པ་གིས་ སྙན་ཞུ་འབད་མི་དང་འབྲེལ་ རྒེད་འོག་བདག་སྐྱོང་གིས་ ས་གནས་ཚུ་ བརྟག་དཔྱད་འབད་ཞིནམ་ལས་ འཆར་གཞི་ནང་བཙུགས་ཅི་ཟེར་ཨིན་པས།
ས་གནས་ཀྱི་ རོང་ཆུ་གུ་ལས་ སྤྲིངས་ཟམ་རྐྱབ་ནིའི་དོན་ལུ་ འཆར་གཞི་༡༢ པའི་ ལོ་ངོ་དང་པའི་ནང་ བཟོ་སྐྲུན་གྱི་དོན་ལུ་ འཆར་དངུལ་བཙུགས་ཡོད་རུང་ གཞུང་གསརཔ་གིས་ ག་དེ་སྦེ་གནང་ཚུགས་ག་དང་ གལ་སྲིད་ ཆ་འཇོག་གྲུབ་པ་ཅིན་ དེ་འཕྲོ་ལས་ ལཱ་འགོ་བཙུགས་ནི་ཟེར་ཨིན་པས།
ཆུ་རུད་ཀྱིས་ འཕྱགས་བདའ་མི་ ཆུ་གཡུར་དེ་ དུས་ཅིའི་ ལོ་འགོ་བཙུགས་པའི་སྐབས་ ཁག་འབགཔ་ལུ་སྤྲོད་དེ་ ལཱ་འབད་སྡོད་པའི་བར་ན་ར་ གནམ་བྱཱར་ཆརཔ་ཤུགས་སྦེ་རྐྱབ་སྟེ་ ཡང་བསྐྱར་ འཕྱགས་བདའ་ཡོད་རུང་ ད་རེས་ནངས་པར་ ལོག་ཉམས་བཅོས་ཀྱི་ལཱ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ རྫོང་བདག་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ དྲི་བཀོད་འབད་རུང་ ལན་གསལ་ག་ནི་ཡང་ ཐོབ་མ་ཚུགས་པའི་གནས་ཚུལ།
ཐིམ་ཕུལ་ལས་ བཀྲིས་ཕུན་ཚོགས།