༉ བཀྲ་ཤིས་སྒང་རྫོང་ཁག་བདག་སྐྱོང་གིས་ འཕྲལ་ཁམས་ཅིག་ཁར་ཐོན་མི་ ཆུ་རུད་ལས་བརྟེན་པའི་ རག་རོ་དང་ ས་རོ་རྡོ་རོ་ཚུ་ བསྡུ་བསྒྱོམ་དང་ སེལ་ནི་གི་ལཱ་དེ་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ སྒེར་སྡེའི་ཁག་འབགཔ་ཅིག་ལུ་ སྤྲོད་ཡོདཔ་ཨིན་པས།
རྫོང་ཁག་ལུ་ འཕྲུལ་ཆས་དང་ མཐུན་རྐྱེན་ཚད་ཅིག་ལས་མེད་མི་ལུ་བརྟེན་ ས་གནས་ཀྱི་ ཁག་འབག་ལུ་ མི་དང་འཕྲུལ་ཆས་ ཁོང་ར་གིས་ འཚོལ་ཞིནམ་ལས་ ལཱ་འབད་ནིའི་དོན་ལུ་སྤྲོད་ནུག།
བཀྲ་ཤིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཆུ་བྱག་གཡས་གཡོན་༢ ཆ་རའི་ནང་ རག་རོ་ལེ་ཤ་སེལ་དགོཔ་ཡོད་པའི་ཁར་ ཟམ་འོག་གི་ ཆུ་གཡུར་ནང་ཡང་ འཕྲལ་མགྱོགས་སྦེ་ སེལ་དགོ་ཡོདཔ་ལས་ རྫོང་ཁག་གིས་ འབད་ཚུགས་པའི་ ལཱ་ཅིག་མེན་པས་ཟེར་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ ཆརཔ་གི་དུས་ཚོད་ལུ་ སེལ་ནིའི་ལཱ་ཚུ་ འཕྲལ་མགྱོགས་ར་ མ་འབད་བ་ཅིན་ ས་རུད་ཆུང་ཀུ་ཅིག་གིས་ ཁྲོམ་དང་ཁྲོམ་ཁར་སྡོད་མི་ཚུ་ལུ་ གནོད་པ་སྦོམ་བཀལ་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
རག་རོ་སེལ་ནིའི་དོན་ལུ་ ཟད་འགྲོ་བསྡོམས་ དངུལ་ཀྲམ་ས་ཡ་༡.༥༤༦ དེ་ཅིག་ གནས་ནི་ཨིན་པའི་ སྔོན་རྩིས་བཏོན་མི་ལས་ ཁ་ཙ་ཚུན་ཚོད་ དངུལ་ཀྲམ་༡༩༤,༨༧༥ ཟད་འགྲོ་བཏང་ཡོདཔ་ཨིན་པས།
རྫོང་བདག་གིས་ བཤད་མིའི་ནང་ རག་རོ་སེལ་ནིའི་ ལཱ་ལྷག་ལུས་འབད་ནིའི་དོན་ལུ་ མ་དངུལ་ལག་པར་མེདཔ་ལས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ གནང་བ་ཞུ་སྟེ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ལྟ་སྐོར་སྐབས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལས་ མ་དངུལ་འཚོལ་ནིའི་ རྒྱབ་སྐྱོར་འབད་ཡོད་པའི་སྐོར་ ཤེས་རྟོགས་བྱུང་ཡི།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ རིན་བསྡུར་ཡི་གུ་བཙུགས་མི་ ཁག་འབགཔ་༧ ལས་ ཉུང་ཤོས་དངུལ་ཀྲམ་ས་ཡ་༡.༢༤༩ བཙུགས་མི་ལུ་ ལཱ་སྤྲོད་ཡོདཔ་ད་ ཤུལ་མའི་ཟླཝ་ལས་ འགོ་བཙུགས་ནི་ཨིན་མི་ ལཱ་དེ་ ཟླཝ་༢ ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ བཀྲ་ཤིས་སྒང་མི་ཐིར་གྲང་ རོང་ཆུ་གི་ཐོ་ཚད་ཡར་སེང་ སོང་སྟེ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༢ ལུ་ རང་ཤི་མཁར་ལས་ཐོན་མི་ ཆུ་རུད་དེ་ ཁྲོམ་ཁར་དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ཆད་ནི་མེད་པར་ སྡོད་མི་དེ་ འཕྲལ་ཁམས་ཅིག་ཁར་བྱུང་མི་ རྐྱེན་ངན་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཟེར་ ས་གནས་ཀྱི་ མི་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།