ད་ཚུན་ གཞུང་ལམ་ཁག་ལས་ ཇ་པཱ་གིས་ རྒྱབ་སྐྱོར་ཐོག་ལས་ ཟམ་༢༢ དེ་ཅིག་ རྐྱབ་སྟེ་ཡོདཔ།
༉ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་ གཞུང་ལམ་བར་ན་ རིང་ཚད་མི་ཊར་༤༧ འབད་མི་ ཆུ་འཛོམས་ས་ཟམ་རྐྱབ་མི་དེ་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ འགོ་འབྱེད་འབདཝ་དང་འབྲེལ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་ནུག།
ལྗིད་ཚད་མེ་ཊིག་ཊཱོན་༤༠ འབག་ཚུགས་པའི་ ནུས་ཚད་ཡོད་མི་དང་ རྩིས་སའི་ཐོག་ བཟོ་སྐྲུན་འབད་མི་ བོསི་གིར་ཌར་ཟམ་དེ་ ལྗིད་ཚད་འབག་ཚད་ མེ་ཊིག་ཊཱོན་༢༤ ཡོད་མི་ ཟམ་རྙིངམ་གི་ཚབ་ལུ་ བཟོ་སྐྲུན་འབད་འབདཝ་ཨིན་པས
ཟམ་དེ་ཡང་ ཇ་པཱན་རྒྱལ་སྤྱི་ལས་སྡེ་ ཇའི་ཀ་གིས་ མ་དངུལ་གྲོགས་རམ་བྱིན་ཏེ་ རྒྱལ་ཡོངས་གཞུང་ལམ་གཙོ་ཅན་ ཨང་དང་པའི་ནང་ ཟམ་བསྐྱར་སྐྲུན་ལས་འགུལ་གྱིས་ ཟམ་བཟོ་སྐྲུན་༣ འབད་མི་ལས་ ཟམ་མཇུག་ཨིན་པས།
འབྲུག་ལུ་ ཇ་པཱན་གྱི་གཞུང་ཚབ་ ཀེན་ཇི་ ཧི་ར་མ་ཙུ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ གཞུང་ལམ་གཙོ་ཅན་ནང་ཡོད་པའི་ ཟམ་རྙིངམ་༣ བསྐྱར་སྐྲུན་འབད་ཡོདཔ་བཞིན་དུ་ ཟམ་དེ་ཚུ་ཡང་ ཤར་ནུབ་གཞུང་ལམ་བདའ་སྟེ་ རྐྱབ་ཡོད་ཟེར་ཨིན་པས།
བསྐྱར་སྐྲུན་འབད་མི་ ཟམ་ཚུ་ཡང་ གཞུང་ལམ་གཞན་མི་ཚུ་དང་ མཐུད་སྦྲེལ་འབད་དོ་ཡོདཔ་ལས་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ ཇ་པཱན་གཞུང་གིས་ རྒྱལ་ཁབ་ནང་ གཞི་རྟེན་མཐུན་རྐྱེན་དང་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ཡར་དྲག་གཏང་ནི་དང་ མཉམ་འབྲེལ་འཕྲོ་མཐུད་དེ་ར་ འབད་འོང་ཟེར་ གཞུང་ཚབ་ཀྱིས་ བཤདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་དང་པའི་ནང་ ལས་འགུལ་འོག་ལུ་ཡོད་པའི་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་གཞུང་ལམ་བར་ན་ ནི་ཀ་ཆུ་དང་ ཀྲོང་གསར་ སྟང་སི་སྦྱིས་ཟ་ལམ་ཆུ་གི་ ཟམ་༢ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཆུ་འཛོམས་ས་ཟམ་རྐྱབ་ཚར་མི་ལུ་བརྟེན་ ད་རེས་ རྒྱལ་ཁབ་ཀྱི་ གཞུང་ལམ་ནང་ ཟམ་བསྡོམས་༢༢ ཡོདཔ་ད་ དེ་ནང་ ཟད་འགྲོ་ཡཱན་ཐེར་འབུམ་༨ འབདཝ་ད་ དངུལ་ཀྲམ་ཐེར་བུམ་༥ དེ་ཅིག་ བཏང་ནུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཟམ་ག་ར་ གལ་གནད་ཅན་གྱི་ གཞུང་ལམ་ཚུ་དང་ མཐུད་སྦྲེལ་འབད་ཡོདཔ་མ་ཚད་ མི་དང་ ཚོང་འབྲེལ་པ་ དེ་ལས་ མི་སྡེ་དཔལ་འབྱོར་གྱི་ ཞབས་ཏོག་དེ་ཡང་ ཐག་ཉེ་ས་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
ཟམ་དེ་ ཇ་པཱན་གྱི་ཏི་རུ་ ཡཱན་ས་ཡ་༡,༩༥༦ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་ རྐྱབ་ཡོདཔ་ད་ འབྲུག་དང་ ཇ་པཱན་གྱི་བར་ན་ ཟམ་གྱི་མཉམ་འབྲེལ་དེ་ཡང་ སྤྱི་ལོ་༡༩༩༧ ལས་ གཞུང་ལམ་བདའ་སྟེ་ ཟམ་བཟོ་སྐྲུན་གྱི་ བརྟག་ཞིབ་ཅིག་འབད་བའི་སྐབས་ འགོ་བཙུགས་ཡོདཔ་ཨིན་པས།
གཞུང་ལམ་གཙོ་ཅན་ནང་ ཟམ་བཟོ་སྐྲུན་ལས་འགུལ་གྱིས་ ད་རེས་ ཟམ་༤ པ་དེ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ ལས་འགུལ་དེ་གིས་ དགེ་ལེགས་ཕུག་དང་ ཀྲོང་གསར་གཞུང་ལམ་བདའ་སྟེ་ཡོད་པའི་ ཟམ་ཚབ་སྦེ་ ལྗིད་ཚད་ཅན་དང་ གཏན་འཇགས་ཀྱི་ ཟམ་༤ དེ་ཅིག་ བཟོ་སྐྲུན་འབད་ནི་ཨིན་པས།
ཆུ་འཛོམས་ས་ཟམ་དེ་ཡང་ ཞབས་ཏོག་བློན་པོ་དང་ འབྲུག་ལུ་ ཇ་པཱན་གྱི་ གཞུང་ཚབ་༢ ཀྱིས་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།