ཆུ་འབོལ་དྲགས་ཡོད་མི་ རྒྱལ་ཁབ་ནང་ འཐུང་ཆུ་ལངམ་མེདཔ།

༉ འབྲུག་བཟུམ་མའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་འདི་ནང་ ཆུའི་ཐོན་ཁུངས་ འབོལ་དྲགས་ཡོད་རུང་ འཐུང་ཆུ་དང་ ཞིང་ཆུ་ལག་ལེན་ནང་ལྷོདཔ་ད་ ལང་མི་ཚུགས་དོ་ཡོདཔ་ལས་ དགོད་བྲ་བའི་ གཞི་གནད་ཅིག་ཨིན་མས།
དེ་ཡང་ རྒྱལ་ཡོངས་གསོ་བའི་བརྟག་ཞིབ་སྙན་ཞུ་༢༠༡༢ ཅན་མ་དང་ འཁྲིལ་བ་ཅིན་ འབྲུག་པའི་མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༩༧.༧ གྱིས་ ལེགས་བཅོས་འབད་བའི་ འཐུང་ཆུའི་རྐ་ཚུ་ལུ་ ཐོབ་སྤྱོད་འདུག་ཟེར་ གསལ་བཀོད་འབད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།
འདི་འབདཝ་ད་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་སྒོ་ལ་ལོ་ཅིག་ནང་ འཐུང་ཆུ་དང་ ཞིང་ཆུ་གཉིས་ཆ་རའི་དོན་ལུ་ ཆར་ཆུ་ལུ་བརྟེན་དགོཔ་ བྱུངམ་ཨིན་མས།
འགྲོ་བ་མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་དང་ ལེགས་ལྡན་ཐོག་ བཞག་ནིའི་དོན་ལུ་ ཉེན་སྲུང་དང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་འབད་མི་གིས་ ལངམ་སྦེ་སྤྱོད་ཚུགསཔ་ བཟོ་ནི་དེ་ གལ་གནད་ཅན་གྱི་ ཆ་རྐྱེན་ཅིག་ཨིན།
སྤྱི་ལོ་༢༠༡༢ ལུ་ རྒྱལ་འཛིན་ནད་གཞི་དམ་འཛིན་ལྟེ་བ་གིས་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ སྤུས་ཚད་ལུ་ བརྟག་ཞིབ་འབད་བའི་སྐབས་ ས་རོང་ལས་འབབ་པའི་ རོང་ཆུའི་རྐ་བརྒྱ་ཆ་༡༧ དང་ ཨུམ་ཆུའི་རྐ་བརྒྱ་ཆ་༢༨ རྐྱངམ་གཅིག་ འཐུང་ཆུ་སྦེ་ ལག་ལེན་འཐབ་ནི་གི་ ཉེན་སྲུང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ཉེན་ཁ་མེད་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་དེ་ རྒྱལ་ཁབ་ནང་ ད་ལྟོའི་བར་ན་ཡང་ གདོང་ལེན་སྦོམ་བྱུང་སྟེ་འདུག།
རོང་ཆུ་དང་ ཨུམ་ཆུ་ཚུ་ ལོ་བསྟར་བཞིན་དུ་ སྐམ་འགྱོ་དོ་ཡོདཔ་ད་ དཔེར་ན་ སྤུ་ན་ཁ་ལམ་རྩ་ཁ་གཡུས་ཚན་དང་ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་དང་ སྒ་མུང་ དགོན་སྤུང་ དབང་འདུས་ཕོ་བྲང་ཕངས་ཡུལ་དང་ མོང་སྒར་སྐྱེངས་མཁར་རྒེད་འོག་ཚུ་ནང་ འཐུང་ཆུ་གིས་ ལང་མ་ཚུགས་པར་ དཀའ་ངལ་ཚབས་ཆེན་བྱུང་སྟེ་ ཡོདཔ་ཨིན་མས།
དང་ཕུའི་ཆུ་རྐ་ཚུ་ སྐམ་འགྱོ་མི་ལུ་བརྟེན་ ལབ་རྩ་ཁའི་ སོ་ནམ་པ་ལ་ལོ་ཅིག་ ཁྱིམ་ཚང་ཚུ་ལས་ ཆུ་ལྷང་འཐུང་དོ་ཡོདཔ་ད་ པདྨ་དགའ་ཚལ་རྫོང་ཁག་ནང་ ཆུ་འབག་མི་ སྣུམ་འཁོར་ཊཱག་ཅིག་གིས་ བདུན་ཕྲག་རེ་ནང་ཚར་གཉིས་རེ་ འཐུང་ཆུའི་དཀའ་ངལ་བྱུང་མི་ གཞིས་གནས་ཁང་ཚུ་ནང་ འགྲོ་འགྲུལ་འབད་དེ་ འཐུང་ཆུ་བགོ་བཀྲམ་འབདཝ་ཨིན་མས།
འཕྲལ་ཁམས་ཅིག་ཁར་བཏོན་མི་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ གནས་ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལུ་ ཁྱིམ་གུང་༡༣,༧༣༢ དེ་ཅིག་ལུ་ འཐུང་ཆུའི་དཀའ་ངལ་སྦོམ་བྱུང་སྟེ་ཡོདཔ་ད་ མི་འབོར་ཡར་སེང་དང་ གཞི་རྟེན་གོང་འཕེལ་གྱི་ མཁོ་འདོད་ཡར་ཕར་འགྱོཝ་དང་འབྲེལ་ ཆུའི་དཀའ་ངལ་དེ་ཡང་ རང་བཞིན་གྱིས་ར་ ་ཕར་འགྱོ་འོང་།
ང་བཅས་ཀྱི་ མི་སེར་ཚུ་ལུ་ འཐུང་ནི་དང་ སོ་ནམ་གྱི་ལཱ་འབདཝ་ད་ ཞིང་ཆུ་མེད་པ་ཅིན་ གྲོང་གསེབ་མི་སེར་ཚུ་ བྱ་ཐབས་མེད་པར་ རང་གཡུས་བཤོལ་བཞག་སྟེ་ གནས་སྤོ་འགྱོ་སྲིད་ནི་ཨིན་མས།
ད་རེས་ནངས་པར་ གྲོང་གཡུས་ལས་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འོང་མི་ལུ་བརྟེན་ ཁྲོམ་སྡེའི་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་ལུ་ ལྷན་ཐབས་འབདཝ་མ་ཚད་ གཡུས་སྒོ་ཚུ་ནང་ གུང་སྟོང་ཐོན་པའི་ དཀའ་ངལ་དང་ ས་ཞིང་ཚུ་ བཟའ་སྤྱོད་འབད་མི་མེད་པར་ ཚལ་མ་ལུ་གྱུར་བའི་ གདོང་ལེན་ཚུ་ བྱུང་སྟེ་ཡོདཔ་ཨིན།
ང་བཅས་རའི་ རྒྱལ་ཁབ་ཀྱི་ ཆུའི་ཐོན་ཁུངས་ཚུ་ ཚུལ་ལྡན་སྦེ་ བདག་འཛིན་འཐབ་སྟེ་ འབྲུག་མི་ཚུ་ལུ་ ཉེན་སྲུང་དང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ཚུགསཔ་ ངེས་བརྟན་བཟོ་ནི་དེ་ ག་ནི་བ་གལ་ཆེ།
གལ་སྲིད་ གཞུང་གི་ཁ་ཐུག་ལས་ འགྲོ་བ་མི་ལུ་ ངེས་པར་དུ་མཁོ་བའི་ གཞི་རྟེན་མཐུན་རྐྱེན་ ཆུ་བཟུམ་ཅིག་ མཁོ་སྤྲོད་འབད་མ་ཚུགས་པ་ཅིན་ ཆུ་འབོལ་དྲགས་ཡོད་པའི་ རྒྱལ་ཁབ་འདི་ནང་ མི་སེར་ཚུ་ ཆུ་ལྷང་འཐུང་དགོཔ་བྱུངམ་ད་ གཞུང་ཞལ་སྐྱེམས་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *