ཆུ་ཞིང་ཟེར་མི་དེ་ འབྱ་བཙུགས་སའི་ ཞིང་རྐྱངམ་གཅིག་ལུ་ མི་གོ་ནི།

༉ རྒྱལ་ཁབ་ནང་ ཆུ་ཞིང་ཟེར་བའི་སྐབས་ སྤྱིར་བཏང་མི་སེར་ཚུ་གིས་ འབྱ་བཙུགས་སའི་ ཞིང་དེ་ར་ཨིན་པའི་ མནོ་བསམ་བཏང་དོ་ཡོད་མི་དེ་ འཛོལ་བ་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ ཉིན་གྲངས་༥ འབད་མི་ ཆུ་ཞིང་འཛིན་སྐྱོང་པ་ཚུ་གི་ སྦྱོང་བརྡར་འགོ་བཙུགས་པའི་སྐབས་ སོ་ནམ་ལྷན་ཁག་ ཆུ་འཛིན་སྐྱོང་སྡེ་ཚན་ལས་ བསོད་ནམས་ཆོས་སྒྲོན་གྱིས་ ཆུ་ཞིང་ཟེར་བའི་སྐབས་ མཚོ་དང་ ཆུ་རྫབ་འདམ་རྫབ་ཀྱི་ས་ཆ་ ཐ་ན་ རོང་ཆུ་དང་ གཙང་ཆུ་ཚུ་ཡང་ ཚུདཔ་ཨིན་ཟེར་བཤད་ཅི།
མོ་གིས་འབད་བ་ཅིན་ མ་གཞི་ མིང་དང་འཁྲིལ་བ་ཅིན་ ཆུ་ཞིང་ཚུ་ ཁག་མི་ཆེ་ནི་བཟུམ་སྦེ་ མཐོང་དོ་ཡོདཔ་ཨིན་རུང་ སྐྱེ་ལྡན་ལམ་ལུགས་ནང་ དེ་དང་བསྟུན་པའི་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ དེ་བཟུམ་མའི་ ས་ཁོངས་དེ་ཚུ་ བདག་འཛིན་མ་འཐབ་པར་ སྣང་མེད་ཐོག་ བཞག་ཡོདཔ་ཨིན་རུང་ ལོ་ངོ་དག་པ་ཅིག་གི་ཧེ་མར་ འབྲུག་རྒྱལ་ཁབ་འདི་ རམ་སཱར་གྲོས་འཛོམས་ཀྱི་ འཐུས་མི་སྦེ་ འཛུལ་བཞུགས་འབད་བའི་ཤུལ་ལུ་ ས་ཁོངས་དག་པ་ཅིག་ ངོས་འཛིན་འབད་དེ་ ད་རེས་ བདག་འཛིན་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
དེ་ཚུ་ཡང་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ དབང་འདུས་ཕོ་བྲང་ ནགས་ཚལ་གླིང་འཛིན་ཡིག་ཚང་འོག་ལུ་ ཁོ་ཏ་ཁ་དང་ སྒང་སྟེང་-ཕོབ་སྦྱིས་ཁ་ཚུ་ཨིན་པས།
ཆུ་ཞིང་དང་ ཆུ་རྐའི་ས་ཁོངས་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཁྲིམས་ལུགས་ཚུ་ཡང་ བཟོ་སྟེ་ཡོདཔ་མ་ཚད་ དེ་ཚུ་ ནགས་ཚལ་དང་ རང་བཞིན་སྲུང་སྐྱོབ་ཀྱི་ ཁྲིམས་ལུགས་ཚུ་དང་ མཉམ་བསྡེབས་ཐོག་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ རྒྱལ་ཁབ་ནང་ ཆུ་ཞིང་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཆུ་ཞིང་ཡོངས་བསྡོམས་ ག་དེམ་ཅིག་ཡོདཔ་ཨིན་ན་དང་ ག་ཏེ་ལས་ཕར་ར་ ཡོདཔ་ཨིན་ན་ ཞིབ་འཚོལ་ཐོག་ལས་ ངོས་འཛིན་འབད་འབདཝ་མེད་ཟེར་ཨིན་པས།
མོ་གིས་ ཆུ་ཞིང་ཉམས་སོང་མིའི་དཔེ་ཅིག་ སླབ་མིའི་ནང་ ད་རེས་ ཐིམ་ཕུག་ཁྲོམ་གྱི་ ས་ཁོངས་ནང་ རོང་ཆུ་ཚུ་ག་ར་ རང་བཞིན་གྱི་ རོང་ཆུ་མེན་པར་ ཆུ་གཞན་ཚུ་ཡང་བཏང་སའི་ གཡུར་བ་བཟུམ་ཅིག་ལུ་ གྱུར་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཧེ་མ་ ལུང་གཤོང་ནང་ ཨ་རིང་ཡང་ ལེ་ཤ་ཅིག་ར་ ཡོདཔ་ཨིན་རུང་ ད་རེས་ བཀྲིས་ཆོས་རྫོང་གི་ ཉེ་འདབས་ལུ་ཡོད་མི་ ས་ཁོངས་དེ་རྐྱངམ་གཅིག་མ་གཏོགས་མེདཔ་ད་ ཐིམ་ཆུ་བདའ་སྟེ་ཡོད་མི་ ཆུ་རྫབ་འདམ་རྫབ་ཚུ་ཡང་ ད་རེས་ རྩ་མེད་ཡར་སོཔ་ལས་ ལོག་སྟེ་བཟོ་བཅོས་འབད་ཐབས་མེད་ཟེར་ཨིན་པས།
བསོད་ནམས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཆུ་ཞིང་མེདཔ་བཏང་མི་ཚུ་ གཙོ་བོ་ར་ གོང་འཕེལ་གྱི་ ལཱ་ཚུ་ལུ་བརྟེན་ཏེ་ ཨིན་པའི་ཁར་ མཚོ་ཚུ་ཡང་ གནམ་གཤིས་འགྱུར་བགྲོད་དང་འཁྲིལ་ རང་བཞིན་ཚུ་ བསྒྱུར་བཅོས་འགྱོ་བའི་ དོགས་སྣང་བསྐྱེདཔ་ཨིན་རུང་ དེ་ཚུ་ལུ་ ཚན་རིག་དང་ ཞིབ་འཚོལ་གྱི་ སྒྲུབ་བྱེད་ཚུ་ བཀོད་ཐབས་མིན་འདུག་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ ཆུ་ཞིང་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ གདོང་ལེན་ལེ་ཤ་ཡོདཔ་ད་ དེ་ཚུ་ཡང་ ལས་བྱེདཔ་ཚུ་ལུ་ ཤེས་ཡོན་མེད་པའི་ཁར་ ཆུ་ཞིང་ལུ་བརྟེན་པའི་ ཕན་ཐོགས་ཧ་མ་གོཝ་ ཆུ་ཞིང་ཚུ་དང་འབྲེལ་བའི་ གནས་སྡུད་ལང་མེདཔ་ དེ་ལས་ གོང་འཕེལ་གྱི་ ལས་སྣ་ཚུ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་ལས་ཕར་ ཆུ་ཞིང་ཉམས་སྲུང་གི་དོན་ལུ་ ཆུ་ཞིང་ལུ་བརྟེན་པའི་ ཕན་ཐོགས་ཀྱི་ གོ་བརྡ་སྤྲོད་དགོཔ་མ་ཚད་ གོ་འཕེལ་གྱི་ འཆར་གཞི་བརྩམ་ནི་ཚུ་ལུ་ གཙོ་བོར་བཏོན་དགོཔ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལོ་༥ འི་འཆར་གཞི་༡༢ པའི་ནང་ རྒྱལ་ཁབ་ཀྱི་ ཆུ་ཞིང་ཚད་རྩིས་བཏོན་ནི་དེ་ མཇུག་བསྡུ་ཚུགསཔ་ འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
སྤྱོང་བརྡར་ལས་རིམ་དེ་ཡང་ སོ་ནམ་ལྷན་ཁག་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་དང་ ཤར་ཨེ་ཤི་ཡའི་ རཱམ་གསར་ལུང་ཕྱོགས་ལྟེ་བ་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ འབྲུག་གི་ནགས་ཚལ་འགོ་དཔོན་༤༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *