༉ རྩི་རང་ འགྲམ་ཕུག་ཁྲོམ་གྱི་དོན་ལུ་ འཐུང་ཆུ་བཀྲམ་སྤེལ་གྱི་ལཱ་འབད་མི་དེ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་གིས་ དུས་ཅི་ གནམ་བྱཱར་གྱི་དུས་ཚོད་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ མི་འཐོན་ནི་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཐུང་ཆུའི་ལས་འགུལ་མཇུག་བསྡུ་སྟེ་ བཀྲམ་སྤེལ་འགོ་བཙུགས་པའི་ཤུལ་ལས་ ཉིན་བསྟར་བཞིན་དུ་ ཁྲོམ་ཁར་ ཆུ་ཀིའུ་བིཀ་མི་ཊར་༨༩༥ བཀྲམ་སྤེལ་འབད་ཚུགས་ཟེར་ཨིནམ་ད་ ཆུ་དེ་གིས་ ཁྲོམ་གྱི་ཉེ་འདབས་ལས་ཕར་སྡོད་མི་ སློབ་ཕྲུག་དང་ ཞི་གཡོགཔ་ གྲྭ་ཚང་ དེ་ལས་ ཚོང་པ་ཚུ་བརྩིས་ཏེ་ མི་གྲངས་༥,༠༠༠ དེ་ཅིག་ལུ་ ཁྱབ་ཚུགས་ནི་ཨིན་པས།
འགྲམ་ཕུག་ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ ཚེ་དབང་བསྟན་འཛིན་གྱིས་ བཤད་མིའི་ནང་ ལས་འགུལ་དེ་གི་དོན་ལུ་ ཆུ་དེ་ཡང་ འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོད་མི་ ཅི་སོ་ཁོ་ལ་དང་ པའུ་ཁོ་ལ་ལས་འཐེན་ཏེ་ སི་དཱ་ཁོ་ལ་ཚུ་ གསོག་འཇོག་འབད་དེ་ དེ་ནང་ལས་ རྒྱལ་འཛིན་མགྲོན་ཁྱིམ་ཚུན་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
མགྲོན་ཁྱིམ་གྱི་དོན་ལུ་ བཀྲམ་སྤེལ་འབད་བའི་ཤུལ་ལས་ རྫོང་གི་ལྟག་ལུ་ཡོད་མི་ རྫོང་ཁག་བདག་སྐྱོང་དང་ ལས་བྱེདཔ་གཞན་ཚུ་གི་ སྡོད་ཁྱིམ་ས་ཁོངས་ནང་ བཀྲེམ་སྤེལ་འབད་ནི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གྲྭ་ཚང་གི་ལྟག་ལུ་ཡོད་མི་ ཆུ་མཛོད་ནང་ལྷོདཔ་ད་ ཆུ་ནང་ཡོད་མི་བྱེམ་ཚུ་ བཙག་ཞིནམ་ལས་ ཆུ་མཛོད་སྦོམ་གསུམ་པའི་ནང་ མཐུདཔ་ཨིན་པས།
ཆུ་མཛོད་ཅིག་ནང་ ཆུ་ཀིའུ་བིཀ་མི་ཊར་༤༥༠ ཤོང་ཚད་ཡོད་པའི་ཁར་ དེ་ནང་ལས་ ཤོང་ཚད་ཀིའུ་བིཀ་མི་ཊར་༣༠༠ ཡོད་མི་ ཆུ་མཛོད་གཉིས་པའི་ནང་དཔག་སྟེ་ ཆུ་མཛོད་དེ་གང་ཞིནམ་ལས་ ཤོང་ཚད་ཀིའུ་བིཀ་མི་ཊར་༡༢༥ ཡོད་མི་ ཆུ་མཛོད་གསུམ་པ་ནང་འགྱོཝ་ཨིན་པས།
ཆུ་མཛོད་དེ་ ཁྲོམ་གྱི་སྦུག་ལུ་ཡོདཔ་ལས་ ཁྲོམ་ཁར་སྡོད་མི་ཚུ་ལུ་ བཀྲམ་སྤེལ་འབད་ནི་ཨིནམ་ད་ ཆུ་མཛོད་དང་པ་དེ་ གསོག་འཇོག་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་རུང་ གཞན་མི་གཉིས་ ཆུ་བཀྲམ་སྤེལ་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
འགྲམ་ཕུག་སྨན་ཁང་གི་དོན་ལུ་ ཆུ་ལོགས་སུ་སྦེ་ བཞག་སྟེ་ཡོདཔ་ལས་ ཁྲོམ་ཁར་ དུས་རྒྱུན་དུ་ ཆུ་བཀྲམ་སྤེལ་འབད་ནི་ཨིནམ་ད་ ཁྲོམ་འཆར་གཞི་ཡོད་མི་དེ་ནང་ཡང་ ལངམ་སྦེ་ བཀྲམ་སྤེལ་འབད་ཚུགས་ནི་ཨིན་པས།
འགྲམ་ཕུག་ཁྲོམ་ཁར་ ཆུའི་དཀའ་ངལ་ངོ་མ་ར་ སྤྱི་ཟླ་༣ པ་དང་༥ པའི་ནང་ ཐོན་དོ་ཡོདཔ་ད་ དེ་ཡང་ ད་ལྟོ་ཡོད་མི་ ཆུ་རྐ་དེ་ སྐམ་མི་ལུ་བརྟེན་ ཆུ་མཛོད་ནང་ གསོག་འཇོག་འབད་མི་དེ་གིས་ ལང་མི་ཚུགས་དོ་ཡོདཔ་ཨིན་པས།
ཚེ་དབང་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ ངོས་འཛིན་འབད་མི་ ཆུ་རྐ་གསུམ་ནང་ཡང་ སྐམ་འགྱོ་དོ་ཡོད་རུང་ ཆུ་མཛོད་སོ་སོར་ཡོད་མི་ཚུ་གིས་ ལྷན་ཐབས་འབད་ནི་ཨིནམ་ད་ ཧེ་མ་འབད་བ་ཅིན་ གསོག་འཇོག་འབད་ནིའི་ ཆུ་མཛོད་མེདཔ་ལས་ ཆུ་རྐ་ནང་ལས་ཐོན་མི་ག་ར་ ཐད་ཀར་དུ་ བཀྲམ་སྤེལ་འབད་མི་ལུ་བརྟེན་ ལང་མ་ཚུགས་པའི་ དཀའ་ངལ་ཐོན་ནུག་ཟེར་བཤདཔ་ཨིན་པས།
ཟད་འགྲོ་དངུལ་ཀྲམ་ས་ཡ་༦༤.༨༦ གནས་མི་ འཐུང་ཆུ་ལས་འགུལ་དེ་ རྒྱ་གར་གཞུང་གིས་ གྲོགས་རམ་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཆུ་མཛོད།