༉ བཀྲིས་བསྒང་ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ ལོ་༤ དེ་ཅིག་སོང་མི་དེ་ ཟླཝ་༡༨ ཀྱི་ཤུལ་ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ ལས་འགུལ་གྱིས་ འཐུང་ཆུ་མཐུད་སྦྲེལ་གྱི་ ལཱ་མཇུག་བསྡུ་བའི་བསྒང་ལས་ དཀའ་ངལ་དེ་ བསལ་ཚུགས་ནི་ཨིན་པས།
དེ་ཡང་ འཐུང་ཆུའི་དཀའ་ངལ་བསལ་ཐབས་ལུ་ ཧེ་མ་ལས་ཡོད་པའི་ འཐུང་ཆུ་བཀྲམ་སྤེལ་ མཐུད་སྦྲེལ་འབད་མི་དེ་ སོར་ནིའི་དོན་ལས་ ལཱ་ཚུ་ད་ལྟོ་ འབད་བའི་བསྒང་ར་ཡོདཔ་ཨིན་པས།
ཁྲོམ་སྡེ་འགོ་དཔོན་གྱིས་ སླབ་མིའི་ནང་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ བཟོ་བསྐྲུན་འབད་མི་ འཐུང་ཆུའི་ཆུ་དུང་ཚུ་ རྙིངམ་ཐལ་སོཔ་ལས་ ཉམས་བཅོས་འབད་རན་མཆིས་ནུག་ཟེར་ཨིན་པས།
ཀི་ལོ་མི་ཊར་༡.༥ ནང་འཁོད་ལུ་ཚུད་མི་ ཁྲོམ་གྱི་ས་གནས་ སྨན་ཁང་དང་ ཁྲིམས་འདུན་ དེ་ལས་ ཁྲོམ་རྒྱ་སྐྱེད་འབད་མིའི་ ས་ཁོངས་ཚུ་ནང་ ཆུ་དུང་གསརཔ་མཐུད་སྦྲེལ་འབད་མི་གིས་ ཁྱབ་ཚུགས་ཟེར་ཨིནམ་ད་ མལ་ཕའི་ཁྲོམ་ཁར་སྡོད་མི་ཚུ་ལུ་ མལ་ཕའི་ཁྲོམ་གྱི་ ལྟག་ལུ་ཡོད་པའི་ ཆུའི་བསགས་མཛོད་ལས་ འཁོར་ལམ་བདའ་སྟེ་ ཆུ་དུང་གསརཔ་ཅིག་ གཏོན་ནི་ཨིན་པས།
ཆུ་དུང་གསརཔ་མཐུད་སྦྲེལ་འབད་མི་དེ་གིས་ ཁྲོམ་གྱི་ཁྱིམ་གུང་༦༡༠ གྱི་ མི་གྲངས་༢,༥༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ཁྲོམ་སྡེའི་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ དུས་ཚོད་དེ་༢༠༢༠ ཚུན་ཨིནམ་ལས་ སང་ཕོད་ཀྱི་ལོ་ནང་ ཁྲོམ་ཁར་ འཐུང་ཆུ་མེད་པའི་དཀའ་ངལ་དེ་ བསལ་ཚུགས་འོང་ཟེར་ཨིནམ་བཞིན་དུ་ དངུལ་ཀྲམ་ས་ཡ་༣༤ གནས་པའི་ལས་འགུལ་དེ་ སྒེར་སྡེ་ཁག་འབགཔ་ཅིག་གིས་ འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཆར་གཞི་༡༢ པ་ནང་ སྒོ་དི་ལས་ ཆུའི་རྐ་གསརཔ་ཅིག་དང་ ཁ་སྐོང་ཅིག་གི་ གྲོས་འཆར་ཅིག་བཙུགས་ཏེ་ ཡོད་ཟེར་ཨིནམ་ད་ ད་ལྟོ་ ས་གནས་མལ་ཕའི་ཁྲོམ་ཁར་ ཆུ་ལི་ཊར་༢༥༠,༠༠༠ ཤོང་པའི་ ཆུ་མཛོད་ནང་འཐེན་མིའི་ཆུ་དེ་ རང་གཤིས་མཁར་དང་ ཕོབ་ལའི་ ཆུའི་རྐ་༢ ལས་ འཐེན་དོ་ཟེར་ཨིན་པས།
ཆུའི་རྐ་༣ པ་དེ་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆུ་རུད་ཐོན་མི་གིས་ འཕྱགས་བདའ་ཡོདཔ་ལས་ ད་རུང་ ཆུའི་རྐ་༢ པ་ལས་ གཅིག་འཕྱག་བདའ་བ་ཅིན་ དེ་གི་ཚབ་སྦེ་ གཅིག་བལྟ་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ སྒོ་དི་ལུ་ཡོད་པའི་ ཆུའི་རྐ་དེ་ ཆུ་མཛོད་ཁང་ལས་ ཀི་ལོ་མི་ཊར་༧ གི་ས་གནས་ཁར་ཡོདཔ་ཨིན་པས།
རྫོང་ཁག་གིས་ ན་ཧིང་ ཉིནམ་གཅིག་ལུ་ ཆུ་ལི་ཊར་ས་ཡ་༢.༤ ཤོང་པའི་ ཆུ་སྨན་བཟོ་བཅོས་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ བཟོ་བཅོས་ཁང་ནང་ ཆུ་བཙག་མི་༤ དེ་ཅིག་བཙུགས་ཡོདཔ་ད་ དུས་ཡུན་ཆུ་ཚོད་༡ ལུ་ ཆུ་ལི་ཊར་༡༠༠,༠༠༠ དེ་ཅིག་ བཙག་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༨༠ ལུ་ མོ་བཏབ་ཀྱི་དོན་ལས་ ཆུ་བཙག་ནི་འགོ་བཙུགས་ཡོད་མི་དེ་ ཤུལ་ལས་ ཆུ་སྨན་བཟོ་བཅོས་འཕྲུལ་ཁང་དེ་ ཚབ་སྦེ་གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་༡༩༦༠ ལུ་ བཟོ་བསྐྲུན་འབད་མི་ ཆུ་མཛོད་རྙིངམ་གི་ས་ཁོངས་ནང་ ཆུ་ལི་ཊར་༢༥༠,༠༠༠ ཤོང་པའི་ ཆུ་བསགས་མཛོད་གསརཔ་དེ་ བཟོ་བསྐྲུན་འབད་འབདཝ་ཨིན་པས།
དེ་ཡང་ ས་གནས་ཁར་སྡོད་མི་ཚུ་ལུ་ དཀའ་ངལ་བྱུང་ཞིནམ་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དེ་ རྫོང་ཁག་བདག་སྐྱོང་གིས་ ཞིབ་དཔྱད་འབད་ཐོག་ལས་ ཆུ་བསགས་མཛོད་གསརཔ་དེ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
རྫོང་བདག་ཆོས་སྐྱིད་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཆུ་མཛོད་གསརཔ་ ཆུ་སྨན་བཟོ་བཅོས་འབད་ནི་ཡོད་མི་དེ་ བསྒྲུབ་པའི་བསྒང་ལས་ ཁྲོམ་ཁར་སྡོད་མིའི་ མི་སེར་ཚུ་ གཙང་སྦྲ་དང་ལྡན་པའི་འཐུང་ཆུ་ འཐོབ་ཚུགས་ནི་ཨིན་ན་ དེ་ཡང་ དམ་སྦྱིས་ནང་གི་ཆུ་དང་ དབྱེ་བ་མེདཔ་སྦེ་ ཐོབ་ཚུགས་ཟེར་ཨིན་པས།
ས་གནས་ཁར་ སྡོད་མི་ པདྨ་ཚེ་རིང་གིས་ ཆུ་དུང་གསཔ་དེ་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ ཁྲོམ་ཁར་ འཐུང་ཆུའི་སྤུས་ཚད་དེ་ ཡར་དྲག་འགྱོ་ནི་དང་ ཆུ་མ་ལང་པའི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ འདི་བཟུམ་གྱི་ལས་འགུལ་དེ་ བསམ་གྲུབ་ལྗོངས་མཁར་དང་ གསར་སྤང་ལུ་ཡང་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།