མོ་བཏབ་དོན་ལུ་ འཛུགས་སྐྱོང་འབད་མི་ ཨ་བ་ཤ་མུ།

ཆུ་ཁ་ལུ་ ཨ་བ་ཤ་མུ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ ཆུ་ཁ་ལུ་ རྫོང་ཁག་གིས་ འགོ་འདྲེན་ཐོག་ལས་ མོ་བཏབ་དོན་ལུ་ ཝ་འེཊ་བ་ཊན་ཟེར་མི་ ཨ་བ་ཤ་མུ་ འཛུགས་སྐྱོང་ལས་རིམ་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡི་ཟེར་ སོ་ནམ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལུ་ དར་ལ་དང་ ཆ་སི་ལ་ཁ་དང་ རྩི་མ་ལ་ཁའི་ ས་གནས་ཁག་༤ ངོས་འཛིན་འབད་ཡོདཔ་ད་ ལས་རིམ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ནང་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ རྫོང་ཁག་གི་ལས་བྱེདཔ་༤ རྒྱ་གར་ ལུ་དི་ཡ་ན་ལུ་ཡོད་པའི་ པཱན་ཇབ་སོ་ནམ་གཙུག་ལག་སློབ་སྡེ་ནང་ ཤ་མུ་འཛུགས་སྐྱོང་གི་ སྦྱོང་བརྡར་འབད་བར་ བཏང་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་གི་ སོ་ནམ་གཙོ་འཛིན་འོགམ་ ས་ཧ་བིར་ རའི་གིས་ སླབ་མིའི་ནང་ ལས་རིམ་དེ་ ཆུ་ཁ་རྫོང་བདག་གི་བཀོད་རྒྱ་དང་ རྒྱལ་ཡོངས་ཤ་མུ་ལྟེ་བའི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
སོ་ནམ་འགོ་དཔོན་གྱིས་ སླབ་མིའི་ནང་ དར་ལ་ལུ་ ལུད་བཟོ་ཡོདཔ་ད་ མ་འོངས་པའི་ས་ཁོངས་དྲག་ཤོས་ གདམ་ཁ་རྐྱབ་ནིའི་དོན་ལུ་ རྫོང་ཁག་འོག་གི་ ས་ཁ་མཐོ་དམན་མ་གཅིག་པའི་ ས་གནས་སོ་སོར་ ངོས་འཛིན་འབད་ཡི་ཟེར་ཨིནམ་ད་ གནས་སྡུད་དང་འཁྲིལཝ་ད་ ས་ཁོངས་ཆ་མཉམ་ར་ ཤ་མུ་འཛུགས་སྐྱོང་གི་དོན་ལུ་ འོས་འབབ་འདུག་ཟེར་ཨིན་པས།
ས་ཧ་བིར་ རའི་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ཤ་མུ་འཛུགས་སྐྱོང་འབད་ནི་དེ་ རྫོང་ཁག་ནང་ འགོ་དང་པ་ཨིནམ་ད་ འགོ་ཐོག་གི་ཐོན་སྐྱེད་ཚུ་ ལུད་བླུགས་པའི་ཉིནམ་ལས་ ཉིན་གྲངས་༧༥ གི་ནང་འཁོད་ལུ་ བསྡུ་ཡོདཔ་ད་ མོ་བཏབ་ལས་རིམ་ནང་ དོ་འགྲན་སྦོམ་ཤོས་ཅིག་ དུས་རྒྱུན་དུ་ ལྟ་རྟོག་འབད་དགོ་མི་དེ་ ཨིན་ཟེར་ཨིན་པས།
ལས་འགུལ་དེ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་༣ གྱིས་བཟོ་མི་ སོ་ནམ་སྡེ་ཚན་གྱིས་ཡང་ གྲལ་གཏོགས་འབད་ཡོདཔ་ད་ སྡེ་ཚན་དེ་གིས་ འཛུགས་སྐྱོང་གི་ལཱ་ཚུ་ རྫོང་ཁག་གི་ འཕྲུལ་རིག་གི་རྒྱབ་སྐྱོར་ཐོག་ལས་ འབད་འོང་ཟེར་ ས་ཧ་བིར་ རའི་གིས་ བཤདཔ་ཨིན་པས།
ཆུ་ཁ་རྫོང་བདག་ མི་འགྱུར་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་པ་དང་ ན་གཞོན་ཚུ་གི་ཁེ་ཕན་ལུ་དམིགས་ཏེ་ སོ་ནམ་ལས་སྣ་ཚུ་ རྒྱ་སྐྱེད་གཏང་དགོཔ་གལ་ཆེ་ཟེར་ཨིནམ་ད་ དེ་བཟུམ་མའི་ རིག་པ་གསརཔ་བཏོན་མི་དེ་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཤ་མུ་ལྟེ་བའི་ ལས་རིམ་འགོ་དཔོན་ ཟླཝ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་རེས་ མོ་བཏབ་ལས་རིམ་ མཐར་འཁྱོལ་བྱུངམ་བཞིན་དུ་ ཆུ་ཁ་དང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ ཐོན་སྐྱེད་ཚུ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *