ཆུ་ཁ་རྫོང་ཁག་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཨམ་སྲུ་མངམ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༠ ལས་༡༢ ཚུན་ ཉིན་གྲངས་༣ གྱི་རིང་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཚུ་ཚོད་༧ ཚུན་ རྫོང་ཁག་༢༠ གི་ ས་གནས་ཁག་ཚུ་ནང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་དེ་ ཁ་ཙ་མཇུག་བསྡུ་ཡི།

ཆུ་ཁ་རྫོང་ཁག་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་ལེན་ནིའི་དོན་ལུ་ མི་གྲངས་༡༢,༦༧༨ ཀྱིས་ ཐོ་བཀོད་འབད་ཡོདཔ་ད་ ཞབས་ཏོག་དེའི་དོན་ལུ་ ལྷན་ཐབས་ས་ཁ་ཁོངས་༤ དང་ འགྲུལ་སྐྱོད་ཞབས་ཏོག་༢ གཞི་བཙུགས་འབད་ཡོདཔ་ཨིན་པས།

ས་ཁོངས་ཚུ་ཡང་ ཆུ་ཁ་སློབ་གྲྭ་ལྟེ་བ་དང་ དགེ་འདུ་མཐོ་རིམ་སློབ་གྲྭ་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་དང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ དེ་ལས་ སྤ་སྒར་དང་ རྩི་མ་གཤམ་ལུ་ཡོད་པའི་ ན་གཞོན་གོང་འཕེལ་དང་མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ འགྲུལ་སྐྱོད་ཞབས་ཏོག་༢ ཨིན་པས།

དགེ་འདུ་མཐོ་རིམ་སློབ་གྲྭའི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ནང་ ཕོ་སྐྱེས་༡,༢༠༥ དང་ ཨམ་སྲུ་༡,༢༣༦ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཆུ་ཁ་སློབ་གྲྭ་ལྟེ་བའི་ས་ཁོངས་ནང་ ཕོ་སྐྱེས་༥༨༧ དང་ ཨམ་སྲུ་༨༡༧ གྱིས་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ཨིན་པས།

སྤ་སྒར་ལུ་ ཕོ་སྐྱེས་༡༤ དང་ རན་གཞོན་གོང་འཕེལ་དང་མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ ཕོ་སྐྱེས་༢ ཀྱིས་ འགྲུལ་སྐྱོད་ཚོགས་རྒྱན་ཞབས་ཏོག་ལག་ལེན་འཐབ་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭའི་ ལྷན་ཐབས་ས་ཁོངས་ནང་ ཕོ་སྐྱེས་༢༢༩༡ དང་ ཨམ་སྲུ་༢༦༤༦ དེ་ལས་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་ ཕོ་སྐྱེས་༩༥༢ དང་ ཨམ་སྲུ་༦༥༨ གྱི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

རྫོང་ཁག་དེ་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༠,༤༠༨ འོང་མིའི་གྲས་ལས་ ཕོ་སྐྱེས་༥,༠༥༡ དང་ ཨམ་སྲུ་༥,༣༥༧ ཡོདཔ་ད་ ཞབས་ཏོག་དེའི་དོན་ལུ་ ཐོ་བཀོད་འབད་མི་༡༢,༦༧༨ ལས་༢,༢༧༠ གིས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ཨིན་པས།

འགོ་ཐོག་བཙག་འཐུ་སྐབས་ ཆུ་ཁ་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་ལེན་ནིའི་དོན་ལུ་ མི་བསྡོམས་༡༢,༦༥༡ གིས་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༦,༡༩༢ དང་ཨམ་སྲུ་༦,༤༥༩ ཡོདཔ་ཨིན་པས།

ཨིན་རུང་ ཉིན་གྲངས་༣ གྱི་རིང་ ཞབས་ཏོག་ལེན་མི་ ཡོངས་བསྡོམས་ལས་ ཕོ་སྐྱེས་༤༨༠༨ དང་ ཨམ་སྲུ་༥༡༥༤ འབདཝ་ད་ བསྡོམས་༩,༩༦༢ རྐྱངམ་གཅིག་གིས་ ལྷན་ཐབས་རྒྱན་ཤོག་ཐོག་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

འགོ་ཐོག་བཙག་འཐུ་མཇུག་བསྡུ་ཞིནམ་ལས་ སྤྱི་ཟླ་༩ པའི་ཚེས་༢༤ ཚུན་ རྫོང་ཁག་༢༠ ནང་ མི་གྲངས་༢,༠༥༥ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་ནང་ བསྒྱུར་བཅོས་འབད་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་ས་ཁོངས་ནང་སོང་སྟེ་ འཕྲུལ་ཆས་ཐོག་ལས་བཙུགས་ནི་དང་ ལྷན་ཐབས་རྒྱན་ཤོག་ཚོགས་རྒྱན་གྱི་ ས་གོ་སོར་ནི་ དེ་ལས་ ལ་ལོ་ཅིག་ འགྲེམ་ཐོག་ཚོགས་རྒྱན་དང་ ཁ་བྱང་སོར་ནིའི་ནང་ བསྒྱུར་བཅོས་འབད་མི་ཚུ་ཨིནམ་སྦེ་ བཙག་འཐུ་ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འགོ་ཐོག་བཙག་འཐུ་སྐབས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡༣༣,༧༩༥ ཡོད་ས་ལས་ ངོས་ལེན་འགོ་དཔོན་ཚུ་འབད་སར་ ཚོགས་རྒྱན་༡༡༠,༥༣༨ ལས་བརྒལ་མ་ལྷོདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་ཨིན་མི་༢༣,༢༥༧ གྱིས་ འགྲེམ་ཐོག་ཚོགས་རྒྱན་དང་ ཡང་ཅིན་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ཐོག་ ཚོགས་རྒྱན་མ་བཙུགས་མི་དང་ ལ་ལོ་ཅིག་ ངོས་ལེན་འགོ་དཔོན་འབད་སར་ ཕྱིས་ཏེ་ལྷོད་མི་ཚུ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ་ ཕུན་ཚོགས་གླིང་།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *