ཆུ་ཁ་རྫོང་ཁག་གིས་ འབྲུག་མཉམ་རུབ་ཚོགས་པ་ གདམ་འཐུ་འབད་བའི་ གཞི་ཁུངས།

༉ ཕུན་ཚོགས་གླིང་འདེམས་ཁོངས་ནང་ལས་ བཙག་འཐུ་གྲུབ་མི་འདེམས་ངོ་ ཇེ་བིར་གྱིས་ བཙག་འཐུ་སྐབས་ འདེམས་ཁོངས་ནང་ལས་ ཁོ་ར་ རྒྱལ་ཁ་ཐོབ་འོང་ཟེར་ ཧེ་མ་ལས་ བློ་བདེ་ཏོག་ཏོ་སྦེ་ སྡོད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་༢༠༡༣ ལུ་ འགོ་ཐོག་བཙག་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ཁོངས་༢ རྐྱངམ་གཅིག་གིས་ རྒྱལ་ཁ་ཐོབ་མིའི་གྲས་ལས་ཅིག་ ཕུན་ཚོགས་གླིང་འདེམས་ཁོངས་དེ་ཨིནམ་ད་ དེ་ནང་ འདེམས་ངོ་ཇེ་བིར་ ཁོ་ར་ཨིནམ་ད་ དུས་ཅི་ འགོ་ཐོག་བཙག་འཐུ་ནང་ལས་ཡང་ མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཇེ་བིར་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ སྤྱི་ལོ་༢༠༡༣ ལས་ཚུར་ ཁོ་ལུ་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ དུས་ཅི་ཡང་ ཁོ་ར་ རྒྱལ་ཁ་ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་བཟུམ་སྦེ་ར་ གྲུབ་འབྲས་ཡང་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ མི་སེར་ཚུ་དང་ འབྲེལ་བ་ལེགས་ཤོམ་ཡོདཔ་མ་ཚད་ མི་སེར་ཚུ་གིས་ ཁོ་ལུ་ཡོད་པའི་ ཉམས་མྱོང་དང་ དྲང་སྤྱོད་ལུ་ ཡིད་ཆེས་བསྐྱེད་དེ་ རྒྱབ་སྐྱོར་འབདཝ་མས་ཟེར་ཨིན་པས།

ཕུན་ཚོགས་གླིང་འདེམས་ངོ་ ཇེ་བིར།

སྲིད་ཚོགས་༢ ཆ་རའི་ འདེམས་ངོ་དེ་ ཕུན་ཚོགས་གླིང་རྒེད་འོག་ནང་ལས་ཨིནམ་ད་ ཇེ་བིར་གྱིས་ སླབ་མིའི་ནང་ ཚོགས་རྒྱན་གྱངས་ཁ་མངམ་འཐོབ་ནིའི་ རེ་བ་བསྐྱེད་པའི་ཁར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ ཚོགས་རྒྱན་༢,༣༨༠ ཐོབ་མི་དང་ཕྱདཔ་ད་ ཁོ་གིས་ ཚོགས་རྒྱན་༥,༥༨༦ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་ར་ བརྩོན་ཤུགས་བསྐྱེད་མི་དང་ མི་སེར་ཚུ་གིས་ ངོས་ལེན་འབད་མི་ལུ་ལྟཝ་ད་ ད་ལྟོ་གི་གྲུབ་འབྲས་ལས་ལྷག་སྟེ་ འཐོབ་ནིའི་རེ་བ་བསྐྱེད་ཅི་ཟེར་ཨིནམ་ད་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་ བཀྲིན་དགའ་ཚོར་སྦོམ་ར་ཡོད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཆུ་ཁ་རྫོང་ཁག་འོག་གི་ འདེམས་ཁོངས་༢ ཆ་ར་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་དབང་ལྷོ་མོ་གིས་ ཚོགས་རྒྱན་༦,༦༣༦ ཐོབ་ཡོད་མི་དེ་ མོ་རའི་དོ་འགྲན་པ་ད་ཕྱདཔ་ད་ ཚོགས་རྒྱན་ལོག་ལྟབ་སྦེ་ ཐོབ་ནུག།
ཚོགས་རྒྱན་གྱི་ཉིནམ་དེ་ ཚེས་བཅུ་དང་ཁ་ཐུག་རྐྱབ་སྟེ་འབད་རུང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་དེ་ འགོ་ཐོག་བཙག་འཐུ་དང་ཕྱདཔ་ད་ གྱངས་ཁ་མངམ་འོང་ནུག་ཟེར་ཨིན་པས།
ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་ནི་ལུ་ མོ་ར་ བློ་བདེ་ཏོག་ཏོ་འབད་སྡོད་ཅི་ཟེར་ཨིནམ་ད་ དེ་ཡང་ མོ་ར་ འགོ་ཐོག་བཙག་འཐུ་སྐབས་ ཚོགས་རྒྱན་མཐོ་ཤོས་༢ པ་ཨིན་པའི་ཁར་ ཧེ་མ་ མོ་ར་ཕམ་མིའི་ ས་གནས་ཚུ་ནང་ སྐུལ་བསྒྲགས་རྒྱ་ཆེ་སུ་འབད་བའི་ཁར་ མི་སེར་དང་ མངམ་འབྲེལ་བ་འཐབ་ཡོདཔ་ལས་ རེ་བ་ལས་ལྷག་པའི་ རྒྱབ་སྐྱོར་ཐོབ་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པའི་ལྟ་བ་དེ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་ཟེར་ཨིནམ་ད་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ དེ་ལས་ མི་སེར་ཚུ་གིས་བསྒྱུར་བཅོས་འབད་མཆོགཔ་སྦེ་ཡོད་མི་ མོ་ར་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་འབདཝ་ལས་བརྟེན་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
བྱག་མཆོག་ལས་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཆུ་ཁ་རྫོང་ཁག་ལས་ ད་ལྟོ་ཚུན་ བཙག་འཐུ་གྲུབ་མི་ འདེམས་ངོ་ག་ར་ གཞུང་སྐྱོང་ནང་འདེམས་ཁྲི་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ དུས་ཅི་ཡང་ འདེམས་ངོ་༢ ཆ་ར་ གཞུང་སྐྱོང་གི་གྲས་ཁར་ཚུད་དེ་ཡོད་ཟེར་ཨིན་པས།
མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་ བཙག་འཐུ་མ་གྲུབ་པའི་ཤུལ་ ཧེ་མ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་མི་ཅིག་ལུ་ རྒྱབ་སྐྱོར་འབད་དེ་ གདམ་འཐུ་འབད་ཡི་ཟེར་ཨིན་པས།

སྦོང་སྒོ་སྐྱབས་ཆའི་འདེམས་ངོ་ ཚེ་དབང་ལྷམོ།

སྦོང་སྒོ་ལས་ དཀར་མདོག་གིས་ སླབ་མིའི་ནང་ འདེམས་ངོ་དེ་ ཧེ་མ་ལས་ སྤྱི་ཚོགས་ནང་ཕྱག་ཞུ་བའི་ཁར་ དུས་ཅི་རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་བཅའ་མར་གཏོགས་ཡོདཔ་ལས་ མི་སེར་ག་ར་གིས་ ངོ་ཤེས་ཏེ་ རྒྱབ་སྐྱོར་མངམ་ཐོབ་ནུག་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྤེན་པ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁོ་ལུ་ངོས་ལེན་དང་ རྒྱབ་སྐྱོར་ལུ་བལྟ་སྟེ་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནི་ལུ་ ཧ་ལམ་བརྒྱ་ཆ་ལས་༩༠ དེ་ཅིག་ བློ་བདེ་ཡོདཔ་ཨིན་རུང་ ད་ལྟོ་གི་གྲུབ་འབྲས་ཐོན་མི་ལུ་ཡང་ གུས་ཞབས་ཐོག་ལས་ ངོས་ལེན་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་འོངས་པའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ གཡོ་སྒྱུ་དང་ ངན་ལྷད་ཀྱི་དབང་དུ་མ་ཐལ་བར་ བཙག་འཐུ་ནང་ རང་མོས་དང་རྣམ་དག་གི་ཐོག་ལས་ བཅའ་མར་གཏོགས་གནང་ཟེར་བའི་ ཞུ་བ་འབདཝ་ཨིན་པས།
ལོ་ངོ་ལྔའི་རིང་ ཆུ་ཁ་རྫོང་ཁག་གི་ བཙག་འཐུ་གྲུབ་ཡོད་པའི་འཐུས་མི་༢ ཀྱིས་ སྤྱི་ཚོགས་༣ པའི་ གཞུང་སྐྱོང་ཚོགས་པའི་གྲངས་སུ་ ཕྱག་ཞུ་ནི་ཨིན་པའི་གནས་ཚུལ།

 

 

 

ཆུ་ཁ་ལས་ ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *