དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ བི་ཀཱཤ་གུ་རུང་དང་ ཚེ་རིང་རྡོ་རྗེ།

ཆུ་ཁ་རྫོང་ཁག་གིས་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ལས་འགུལ་༢ ཆ་འཇོག་གྲུབ་ཡོདཔ།

ཆུ་ཁ་རྫོང་ཁག་གི་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གིས་ ལས་འགུལ་ཚུ་ རྒྱབ་སྣོན་ཆ་འཇོག་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དེ་ཡང་ ད་ཚུན་གྱི་བར་ན་ ཨེ་པཱལ་གྱི་ ཁ་ཟས་བཟོ་ཁང་ཅིག་དང་ ཤི་ཏ་ཀི་ཟེར་མི་ གསོ་སྐྱེ་ཤ་མུ་འཛུགས་སྐྱོང་ལས་འགུལ་ལུ་ རྒྱབ་སྣོན་འབད་ཡོདཔ་ད་ ལས་འགུལ་དེ་༢ ཀྱིས་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་འཐོབ་ཚུགས་ནི་ཨིན་མས།

དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བི་ཀཱཤ་གུ་རུང་དང་ ཚེ་རིང་རྡོ་རྗེ་༢ ཀྱིས་ ཆུ་ཁ་སྐྱབས་ཆ་རྒེད་འོག་ སྤག་སྒར་གཡུས་ཚན་དང་ ཨེ་པཱལ་གྱི་ ཁ་ཟས་བཟོ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ མ་རྩ་དངུལ་ཀྲམ་ས་ཡ་༦.༥ དགོཔ་སྦེ་ གྲོས་འཆར་བཙུགས་ཡོདཔ་ད་ ཁོང་༢ ཀྱིས་ སྤྱི་ཟླ་༣ པའི་ཚེས་༡ ལས་ དངུལ་འབྲེལ་ལས་འཛིན་ཚུ་ནང་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

སྐྱེས་ལོ་༢༣ ལང་མི་ བི་ཀཱཤ་གུ་རུང་དང་ སྐྱེས་ལོ་༢༤ ལང་མི་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཨེ་པཱལ་གྱི་ ཁ་ཟས་བཟོ་ནི་གི་ གནས་སྐབས་དེ་ ཁོང་ར་༢ མཐོ་རིམ་སློབ་གྲྭ་ནང་ ལོ་རིམ་༢ པའི་སྐབས་ བཏོན་ཡི་ཟེར་ཨིན་པས།

ང་བཅས་ཀྱིས་ བརྟག་ཞིབ་འབད་ཡོདཔ་མ་ཚད་ འོས་འབབ་ག་དེ་སྦེ་ ཡོདཔ་ཨིན་ནའི་སྐོར་ལས་ཡང་ ཞིབ་འཇུག་འབད་ཡི་ཟེར་ བི་ཀཱཤ་གུ་རུང་གིས་ བཤད་པའི་ཁར་ གནད་དོན་དེ་གི་སྐོར་ དགེ་འདུའི་མི་སེར་ཚུ་ལས་ བསམ་ལན་ལེགས་ཤོམ་ཐོབ་ཅི་ཟེར་ཨིན་པས།

གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ལུ་བརྟེན་ ཁོང་གཉིས་ཀྱི་ ཚོང་འབྲེལ་གཞི་བཙུགས་འབད་ཚུགས་པའི་ གོ་སྐབས་ཐོབ་ཅི་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།

འབྲུག་པའི་མི་སེར་ཚུ་གི་ ཕན་ཐབས་ལུ་ ང་བཅས་རའི་ མ་འོངས་མངོན་གཟིགས་ཅན་གྱི་ རྒྱལཔོ་མཆོག་གིས་ ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ སྐྱིན་འགྲུལ་གྱི་ མཐུན་རྐྱེན་ཐོབ་ཚུགསཔ་ བཟོ་མི་དེ་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།

ཁོང་གཉིས་ཀྱིས་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་དེ་ འཕྲལ་མགྱོགས་ར་ གནང་བ་འགྲུབ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ད་ སྐྱིན་འགྲུལ་དེ་ གནང་བ་མ་གྲུབ་ཚུན་ཚོད་ རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བ་གིས་ ཁོང་༢ ལུ་ སྦྱོང་བརྡར་བྱིན་ནི་ཨིན་པས།

དུས་ཅི་ སྤྱི་ཟླ་༡ པ་ལས་ འགོ་བཙུགས་མི་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ལས་འཆར་གྱི་ཐོག་ལས་ ནང་བཟོ་ཁང་དང་ བཟོ་གྲྭ་ཆུ་བ་ཚུ་ལུ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ད་ སྐྱིན་འགྲུལ་དེ་གི་དོན་ལུ་ མ་དངུལ་ཐེར་འབུམ་༡.༥ དེ་ཅིག་ མ་དངུལ་བཞག་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༥༣༠ སོ་ནམ་དང་སྒོ་ནོར་ དེ་ལས་ དངུལ་ཀྲམ་ས་ཡ་༩༥༠ དེ་ སོ་ནམ་མེན་པའི་ ལས་སྣ་ཚུ་གི་དོན་ལུ་ སྐྱིན་འགྲུལ་བྱིན་ནི་ཨིན་པས།

སྐྱིན་འགྲུལ་ལས་འཆར་དེ་གི་ཐོག་ལས་ གྲོས་འཆར་བཙུགས་མི་ཚུ་གིས་ དངུལ་འབྲེལ་ལས་ཁང་ཚུ་ལས་ དངུལ་ཀྲམ་འབུམ་༥ ལས་ས་ཡ་༡༠ ཚུན་ སྐྱིན་འགྲུལ་ཐོབ་ཚུགས་ནི་ཨིནམ་ད་ སྐྱིན་འགྲུལ་དེ་ལུ་ གཏའ་མ་བཙུགས་མ་དགོཔ་ཨིན་རུང་ ལས་འགུལ་དེ་ གཏའ་མ་སྦེ་ བརྩི་འཇོག་འབད་ནི་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལས་ཨིན་མི་ དཀར་སངས་རྡོ་རྗེ་གིས་ཡང་ སྐྱིན་འགྲུལ་ལེན་ནི་གི་ དཔའ་བཅམ་མི་དེ་ཡང་ སྤག་སྒར་གཡུས་ཚན་ནང་ གསོ་སྐྱེ་ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལས་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༤.༩ དགོཔ་སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ ཞུ་ཡིག་བཙུགས་ཏེ་ཡོདཔ་ཨིན་པས།

ཆུ་ཁ་རྫོང་ཁག་འཆར་གཞི་འགོ་དཔོན་ དབང་འདུས་རྒྱལ་པོ་གིས་ སླབ་མིའི་ནང་ གཙོ་རིམ་ལས་སྡེ་སྐྱིན་འགྲུལ་ཚོགས་ཆུང་གིས་ ལས་སྟོན་དང་འཁྲིལ་ ལས་འགུལ་དེ་གཉིས་ བརྟག་ཞིབ་འབད་དེ་ ཉིན་གྲངས་༡༠ ནང་ གནང་བ་གྲུབ་ཡོདཔ་བཞིན་དུ་ ཁོང་གིས་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་དགོ་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *