༉ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་གིས་ ལོག་སྟེ་ར་ བཀག་དམ་ཅན་གྱི་སྨྱོ་རྫས་ ཨིས་པཱསི་མོ་ པོ་རོག་སི་བཱོན་དང་ གཞན་སྨྱོ་རྫས་གཞན་ཚུ་ འཆང་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་མི་དང་འཁྲིལཝ་ད་ སྤ་རོ་རྫོང་ཁག་ རྡོ་དཀར་རྒེད་འོག་ ཁམས་བྲག་གཡུས་ཚན་ལས་ དར་མགོ་ཚེ་རིང་གིས་ དྲི་དཔྱད་འབདཝ་ད་ ངོས་ལེན་འབད་ཡོདཔ་མ་ཚད་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འདུན་ལུ་ གསལ་སྟོན་འབད་ནུག།
དར་མགོ་ཚེ་རིང་ལུ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཁྲིམས་དེབ་ཀྱི་ དོན་ཚན་༩༦.༢ བྱ་ངན་འབད་བའི་ རྒྱུ་མཚན་ཐོན་ཡོདཔ་ལས་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ འི་ དོན་ཚན་༡༣༩ པའི་༢ པ་དང་འཁྲིལ་ དབྱེ་རིམ་གསུམ་པའི་བཙོན་ཁྲིམས་ དམའ་ཤོས་ལོ་ངོ་༥ ལས་ མཐོ་ཤོས་ལོ་ངོ་༩ ཕོག་དགོཔ་ཨིན་རུང་ ཁོ་གིས་ སྤྱི་ལོ་༢༠༡༧ ལོ་ནང་ཡང་ སྨྱོ་རྫས་འཆང་སྤྱོད་འབད་ཡོད་མི་ལུ་བརྟེན་ ད་རེས་ཀྱི་བཙོན་ཁྲིམས་དེ་ དབྱེ་རིམ་ཅིག་ ཡར་སེང་འབད་དེ་ བྱིན་ཡོདཔ་ཨིན་པས།
དེ་འབདཝ་ལས་ དར་མགོ་ཚེ་རིང་ལུ་ དབྱེ་རིམ་༢ པའི་བཙོན་ཁྲིམས་དམའ་ཤོས་ལོ་༩ དང་ མཐོ་ཤོས་ལོ་༡༥ འི་འོག་རྒྱུ་ སྨིན་དགོཔ་སྦེ་ཡོད་མི་དང་འཁྲིལ་ ལོ་༩ བཀལ་ཡོད་མི་དེ་ཡང་ ཁོ་ར་ ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༤ ལས་ འགོ་བཙུགས་ཏེ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ད་རུང་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་གཞན་མི་ཅིག་ལུ་ཡང་ སྨྱོ་རྫས་ཀྱི་རིགས་ ནག་ཚོང་རྐྱབ་མིའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༥ བཀལ་ནུག།
སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་དེ་ཡང་ ཆུ་ཁ་རྫོང་ཁག་འོག་གི་ གད་ལྟག་ནང་རྒེད་འོག་ལས་ཨིནམ་ད་ ཁོ་ར་ སློབ་ཕྲུག་ཅིག་ཨིན་པའི་ཁར་ ཁོ་གིས་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༢༦ ལུ་ ལོ་བསྟར་ཆོས་རྒྱུགས་ཕུལ་ནི་རནམ་ད་ ཕུལ་མ་ཚུགས་པའི་སྐབས་ བདག་སྐྱོང་གིས་ཤེས་ཏེ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཆུ་ཁ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཅིག་ཨིན་མི་ ཀུན་ལེགས་དཔལ་འབྱོར་གྱིས་ སྨྱོ་རྫས་སྤྱོད་ཡོདཔ་ བདའ་ཟུན་པའི་ཤུལ་ལས་ ཁོ་ར་སྡོད་པའི་ཉལ་ཁྱིམ་ནང་ ཞིབ་དཔྱད་འབདཝ་ད་ སྨྱོ་རྫས་ ཨིས་པཱསི་མོ་ པོ་རོག་སི་བཱོན་༦༩ ཐོབ་ཡོད་མི་དེ་ ཡེ་ཤེས་རྡོ་རྗེ་ཟེར་མི་གི་ཨིན་ཟེར་ སླབ་ཡོད་རུང་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་དང་འཁྲིལཝ་ད་ བདག་དབང་འབད་མི་ལུ་ ཉེས་འཛུགས་ཕོག་དགོཔ་སྦེ་ཡོདཔ་ལས་ དེ་དང་འཁྲིལ་ ཁོ་ལུ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁོ་གིས་ སྨྱོ་རྫས་དེ་ ཆ་རོགས་ཚུ་གི་ཨིན་ཟེར་སླབ་ཡོད་རུང་ ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ར་ཁུངས་མ་ཐོབ་པའི་གནས་ཚུལ།
བཀྲིས་བསྟན་འཛིན།