ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ ཕོ་སྐྱེས་༢ ལུ་ སྨྱོ་རྫས་དང་འབྲེལ་བའི་བཙོན་ཁྲིམས་ ལོ་༥ རེ་བཀལ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༤ པའི་ཚེས་༩ ལུ་ ཐིམ་ཕུག་ལས་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་ལུ་ སྨྱོ་རྫས་ ཨེསི་པི་པ་ལསི་དང་ ཀེ་ན་བིསི་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ནུག།

ཉེས་ཅན་ དེད་གཡོགཔ་ ཤཱཀྱ་རྡོ་རྗེ་དེ་ དགེ་འདུ་ཁྲིམས་སྲུང་འགག་པ་གིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢ ལུ་ སྨྱོ་རྫས་ ཀེ་ན་བིསི་ག་རཱམ་༡༠.༣༡ དང་ ཨེསི་པི་པ་ལསི་༤༩༥ འཆང་ཡོདཔ་སྦེ་ འཛིན་བཟུང་འབད་ནུག།

ཁོ་གིས་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་ཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མའི་ དོན་ཚན་༡༣༩.༢ དང་འགལ་ཡོདཔ་ད་ འཁྲུན་ཆོད་དང་འཁྲིལཝ་ད་ དེའི་ཉེས་ཁྲིམས་དེ་ བཅའ་ཁྲིམས་དེའི་ དོན་ཚན་༡༤༡ ཀ་པ་དང་འཁྲིལ་ དབྱེ་རིམ་༣ པའི་ ཉེས་ཁྲིམས་དམའ་ཤོས་ལོ་༥ ལས་ མཐོ་ཤོས་ལོ་༩ འོག་རྒྱུ་ སྨིན་དགོཔ་སྦེ་ཡོདཔ་ལས་ ཁོ་གིས་ ཧེ་མ་ བྱ་ངན་འབད་བའི་ ཐོ་མེདཔ་ལས་ ལོ་༥ བཀལ་ཡི་ཟེར་བཀོད་ནུག།

ཤཱཀྱ་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ སྨྱོ་རྫས་ཚུ་ མི་ངོམ་བསོད་ནམས་ཚེ་རིང་ཟེར་མི་གིས་ འབག་འོང་གནང་ཟེར་སླབ་པའི་ཤུལ་ལས་ ཕུན་ཚོགས་གླིང་ལས་ འབག་ཡོདཔ་སྦེ་ཞུ་ཡོདཔ་ད་ ཁོ་གིས་ བསོད་ནམས་ཚེ་རིང་གིས་ སྨན་ཐུམ་༡༤༤ འབག་པའི་ལྷག་ལུས་༣༥༡ དེ་ ཁོ་དང་གཅིག་ཁར་ བཞག་ཅི་ཟེར་ཞུ་ནུག།

ཁོ་གིས་ ཕུན་ཚོགས་གླིང་ལས་ལོག་འོངམ་ད་ སྨྱོ་རྫས་ ཁ་གྲངས་༡༥ ཡང་ ཁོ་ར་ སྤྱོད་ནིའི་དོན་ལུ་ འབག་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ བསོད་ནམས་ཚེ་རིང་གིས་ཡང་ ཉེས་འཛུགས་ཚུ་ལུ་ ཁ་བཟེད་ཡོདཔ་ཨིན་པས།

ཨིན་རུང་ བཅའ་ཁྲིམས་དང་འཁྲིལཝ་ད་ སྨྱོ་རྫས་དེ་ ག་དེ་སྦེ་ ག་གིས་འབག་གནང་ཟེར་ སླབ་སྟེ་འབད་རུང་ འཛིན་བཟུང་འབད་བའི་སྐབས་ ག་གི་ནང་ལས་འཐོབ་ཡོདཔ་ཨིན་ན་དེ་ལུ་ ཉེས་ཁྲིམས་དང་ཉེས་བྱ་ཚུ་ཕོག་ཟེར་བཀོད་ཡོད་པའི་ཁར་ བསོད་ནམས་ཚེ་རིང་དེ་ ཉེས་ཅན་ངོ་མ་ལུ་བཀལ་མིའི་ བཙོན་ཁྲིམས་ཕྱེད་ཀ་ ལོ་༢ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།

རྩོད་བཤེར་གཞན་ཅིག་ནང་ ཆུ་ཁ་བྱག་ཕྱོགས་ལས་ཨིན་མི་ ཕོ་སྐྱེས་ཅིག་ཡང་ སྨྱོ་རྫས་ཨེསི་པི་པ་ལསི་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།

ཉེས་ཅན་ཚེ་རིང་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ ཁོ་ར་ སྤྱོད་ནིའི་དོན་ལུ་ སྨྱོ་རྫས་ཚུ་འབག་འོང་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།

ཁོ་ལུ་ ནའི་ཊོ་ཟཱན་གྱི་དོན་ལུ་ཡང་ ད་རུང་ ལོ་༥ བཀལ་ཡོད་རུང་ ཁོ་གིས་ ཧེ་མ་ བྱ་ངན་འབད་བའི་ ཐོ་མེདཔ་ལས་ བཙོན་ཁྲིམས་བཏབ་ཅིག་སྦེ་ ལོ་༥ བཞག་ཡོདཔ་ད་ ཨོ་ནི་རེགསི་གི་དོན་ལུ་ ཁོ་ར་ མི་ཚེ་ཉམས་གསོ་ལྟེ་བ་ནང་ ཟླཝ་༣ དང་ བསླབ་སྟོན་གྱི་དོན་ལུ་ ཟླཝ་༡ འབད་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *