༉ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་བདའ་སྟེ་ ཟམ་༣ ཡོད་མི་ལས་༡ སྤྱི་ལོ་༢༠༡༨ ཀྱི་ ཟླཝ་༦ པའི་ནང་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ ཕྲང་ལམ་དེ་ ལོ་དེ་ནང་ མཇུག་བསྡུ་ཚུགས་ནི་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༤ ལུ་ བློན་པོ་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཕྲང་ལམ་གྱི་ ས་གནས་མང་ཤོས་ནང་ རྩི་ནག་བཏང་ཚར་ཡོད་རུང་ བྱག་གཟར་དྲགས་ཡོད་མི་དེ་ སྤྱི་ཟླ་༨ པའི་ནང་ལས་ སེལ་ཚར་ནི་གི་ འཆར་གཞི་འདུག་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཌཱན་ཊག་ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ལས་ཐོབ་མི་ གནས་ཚུལ་དང་འཁྲིལཝ་ད་ སྤྱི་ཟླ་༨ པའི་ནང་ བྱག་གུ་ཐོགས་ལུས་མི་ཚུ་ག་ར་ སེལ་ཚར་ནིའི་ འཆར་གཞི་ཡོད་ཟེར་ སླབ་ཡོདཔ་ད་ ལྷན་ཁག་གིས་ཡང་ དུས་ཚོད་ཁར་ མཇུག་བསྡུ་ཚུགསཔ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཕྲང་ལམ་དེ་ དུས་ཡུན་ལེ་ཤ་འགོར་ཡོད་མི་ལུ་ ལས་འགུལ་དང་ གཞུང་ལུ་ མི་མང་ལས་ ཨུ་ཚུགས་རྐྱབ་མི་ཐོན་ཡོདཔ་ལས་ ལྷན་ཁག་གིས་ དུས་རྒྱུན་དུ་ ལྟ་རྟོག་འབད་དེ་ཡོད་ཟེར་ སླབ་ཨིན་པས།
བློན་པོ་གིས་ ཕྲང་ལམ་གྱི་ ས་ཁོངས་ལ་ལོ་ཅིག་ནང་ ལཱ་ཚུ་འབད་ཚར་ཡོད་རུང་ ཟམ་༣ རྐྱབ་དགོཔ་ཡོད་མི་ལས་ ཟམ་རིང་ཤོས་ཨིན་མི་ རྟ་ནག་ལུངམ་གི་ཟམ་ ཕིཊ་༡༤༥ འབད་མི་དེ་ སྤྱི་ལོ་༢༠༡༨ ཟླཝ་༦ པའི་ནང་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ནི་ཨིནམ་ད་ བྱང་རྟ་ལུང་གི་ཟམ་དེ་ སྤྱི་ཟླ་༡༢ པ་དེ་ཅིག་ཁར་ མཇུག་བསྡུ་ཚུགས་ནི་མས་ ཟེར་བཤད་ཅི།
ད་ལྟོ་ མཐུད་སྦྲེལ་འབད་ཚུགས་ཏེ་ཡོད་རུང་ སེལ་བའི་བསྒང་ཡོད་མི་ བྱག་སྦོམ་ཡོད་པའི་ ས་ཁོངས་དེ་ནང་ དུས་ཡུན་རིངམོ་སྦེ་ ཐོགས་ལུས་མི་དེ་ཡང་ ཧ་ལམ་ མཇུག་བསྡུ་ནི་གུ་ ལྷོད་ཡོད་རུང་ ས་ཁོངས་དེ་ནང་ ཆུ་ཁ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་དེ་ ཉེ་འདབས་ལུ་ཡོདཔ་ལས་ ལས་འགུལ་གྱིས་ གས་རྫས་ཤུགས་ཅན་ཚུ་ ལག་ལེན་འཐབ་ནི་མེདཔ་ལས་ འགྲོས་ཀྱིས་སྦེ་ འབད་དགོཔ་ལས་ དུས་ཚོད་འགོར་དོ་ཡོདཔ་ཨིན་པས།
ཕྲང་ལམ་དེ་ ལོ་ངོ་བདུན་དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་ཡོད་རུང་ མཇུག་བསྡུ་ནིའི་ ཚེས་གྲངས་ཐེངས་༤ དེ་ཅིག་ ཕྱིས་ཡོདཔ་ད་ ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ དུས་ཅི་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ཚུགས་ཟེར་ སླབ་སྟེ་ཡོདཔ་ཨིན་རུང་ ད་ལྟོ་ཡང་ མཇུག་བསྡུ་ནི་གི་ འཆར་གཞི་མེདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གིས་ ལས་འགུལ་ནང་ལས་ ཟླ་རིམ་བཞིན་དུ་ ལཱ་གི་གནས་སྟངས་སྐོར་ལས་ སྙན་ཞུ་ཚུ་ ཐོབ་དོ་ཡོད་རུང་ ནམ་མཇུག་བསྡུ་ནི་ཨིན་ནའི་སྐོར་ལས་ ཁ་གསལ་ཚུ་ བྱིན་ནི་མིན་འདུག་ཟེར་ ཀུན་གསལ་ལུ་ འདས་པའི་དྲི་བཀོད་ནང་ བཤད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།