ཆརཔ་ལུ་བརྟེན་ མི་༤ ལུ་ཤི་རྐྱེན་དང་ འཁོར་ལམ་ལེ་ཤ་ མེདཔ་བཏང་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ མི་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་གཞུང་ལམ་ཁར་ ས་གནས་མོ་ཤི་ལུ་ ལས་མི་ཚུ་ལམ་སེལ་སྡོད་པའི་སྐབས་ ལམ་ལྟག་ལས་ ས་རུད་ཆད་འོང་སྟེ་ མི་༣ འཕྱགས་བདའ་ནུག།
རྐྱེན་ངན་དེ་ འདས་པའི་བདུན་མཐའ་ལུ་ བྱུང་ཡོདཔ་ད་ ས་གནས་དེ་ཁར་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་ཚུ་ འབད་དོཡོདཔ་ཨིན་པས།
དེ་ལས་ ཕུན་ཚོགས་གླིང་ དར་རྒྱས་སྒང་རྒེད་འོག་ ཅམ་ཀུ་ནུ་གཡུས་ཚན་ལས་ སྐྱེས་ལོ་༦༠ ལང་མི་ ཨམ་སྲུ་ཅིག་ ས་རུད་ཀྱིས་ མོ་རའི་སྦ་སྒོར་འཕྱགས་བདའ་བའི་སྐབས་ ཤི་རྐྱེན་ཡོདཔ་ད་ རྐྱེན་ངན་དེ་ སྤྱི་ཟླ་༧ པའི་ཚེས་༨ པའི་ཚེས་༡༢ ལུ་བྱུང་ཡོདཔ་ད་ དེ་བསྒང་ ཚེ་འདས་ཀྱི་བུམོ་དང་ མོ་གི་ཨ་ལོ་༢ ལུ་ རྨ་སྐྱོན་དུམ་གྲ་རེ་བྱུང་ནུག།
ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ དབང་འདུས་དང་ ཀྲོང་གསར་གྱི་ གཞུང་ལམ་བརྒྱུད་དེ་ ས་གནས་ནོར་བུ་སྡིངས་ལུ་ ལམ་ཆད་ནི་དེ་གིས་ ཁ་ཙ་ ཕྱི་རུ་ཚུན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལམ་གཡས་གཡོན་༢ ཆ་ར་ལས་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་ཡོདཔ་ད་ དེའི་གྲས་ཁར་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་གི་བར་ན་ རྒྱུན་འགྲུལ་འཐབ་མི་ འགྲུལ་སྐྱེལ་བཱསི་ཚུ་ཡང་ ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་གྱི་ གཞུང་ལམ་ཁར་འབད་བ་ཅིན་ ཀི་ལོ་མི་ཊར་༥༦ དང་༦༠, ༦༣ དེ་ལས་༦༩ གི་ས་ཁོངས་ཚུ་ནང་ བསུབས་ཡོད་མི་ཚུ་ ད་རིས་ སེལ་ཚུགས་པའི་རེ་བ་ཡོདཔ་ད་ ལམ་དེ་ སྤྱི་ཟླ་༧ པའི་ཚེས་༡༠ ལས་ར་ བསུབས་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ ངང་ལམ་དང་ མོང་སྒར་རྒྱལ་པོའི་ཞིང་གི་ གཞུང་ལམ་དེ་ ཁག་༡༦ དེ་ཅིག་ལུ་ ཆད་ཡོད་མི་དེ་ སེལ་ནི་ལུ་ ཟླཝ་༡ དེ་ཅིག་ འགོར་ནི་མས་ཟེར་ ལམ་སེལ་འགོ་དཔོན་ཚུ་གིས་ སླབ་ཡོདཔ་ད་ དེ་ཁར་ ས་རུད་ཤུགས་སྦེ་ཆད་མི་དེ་ འདས་པའི་བདུན་ཕྲག་ ལེ་ཤ་ཅིག་གི་རིང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་ནི་དེ་གིས་ཨིན་པས།
པདྨ་དགའ་ཚལ་དང་ གདུང་མིན་གྱི་བར་ན་ཡང་ ལམ་བསུབས་ཡོད་མི་དེ་ ནམ་སེལ་ཚུགས་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་མེདཔ་ད་ ངང་ལམ་དང་ པཱན་སྦང་གི་བར་ན་ ལམ་བསུབས་མི་དེ་ སེལ་ཚར་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལས་ ཏིང་ཏི་སྦིས་ཁ་ཐུག་ ས་གནས་ཁག་༣ དེ་ཅིག་ཁར་ ལམ་ཆད་མི་དེ་ སེལ་ནི་ལུ་ ཆུ་ཚོད་ལས་བཅད་དེ་ འགོར་ནི་ཨིནམ་ལས་ སྣུམ་འཁོར་ཚུ་ གཏང་ཚུགས་མི་ཚུགས་ ད་ལྟོ་ སླབ་མི་ཤེས་ནི་མས་ཟེར་ཨིནམ་ད་ དེ་ཁར་ ལཱ་འབད་མི་ཚུ་གིས་ སླབ་མིའི་ནང་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་དེ་གིས་ ལམ་སེལ་གྱི་ལཱ་ འབད་མ་ཚུགས་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ རི་བོ་ཏ་ལ་ལུ་ སྤྱི་ཟླ་༨ པའི་ཚེས་༩ ལས་ རུད་ཆད་དེ་ ལམ་བསུབས་མི་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོདཔ་ད་ ལམ་སེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་དེ་ ད་རིས་ སེལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མ་ནི་ཊར་ རཱའི་ཌག་བརྒྱུད་དེ་ ལྷ་མོའི་རྫིང་ཁ་བར་ན་ ཀི་ལོ་མི་ཊར་༤༦ ལུ་ཡང་ སྤྱི་ཟླ་༨ པའི་ཚེས་༩ དང་༡༠ ལུ་ ས་རུད་ཤུགས་སྦེ་ར་ ཆད་ཡོད་མི་ལུ་བརྟེན་ ལམ་བསུབས་མི་དེ་ སེལ་ནིའི་དོན་ལུ་ བདུན་ཕྲག་༡ དེ་ཅིག་འགོར་ནི་ཨིན་པས།
ཕུན་ཚོགས་གླིང་ མཁར་པཱན་ཌི་དང་ དཔག་བསམ་ཁའི་བར་ན་ བ་ལུ་ཇོ་ར་ཟམ་མེདཔ་ཐལ་མི་དེ་ ལོག་བཅོ་ཁ་རྐྱབ་ནིའི་དོན་ལུ་ ཉིནམ་༢ དེ་ཅིག་ འགོར་ནི་ཨིནམ་ད་ ད་ལྟོ་ས་གནས་དེ་ཁར་ རག་རོ་ཚུ་ སེལ་བའི་བསྒང་ཡོདཔ་ཨིན་པས།
བསམ་རྩེ་དང་ རྡོ་རོ་ཁ་ དེ་ལས་ སིབ་སུ་བར་ན་ ལམ་ཆད་མི་དེ་ཡང་ ད་རིས་ ཕྱི་རུ་རྐྱངམ་གཅིག་ སེལ་ཚུགས་པའི་རེ་བ་ཡོདཔ་ད་ ལམ་དེ་ ཁ་ཙ་ བསུབས་ཡོདཔ་ཨིན་པས།
ཐིམ་ཕུག་ལས་ ཕུན་ཚོགས་གླིང་གི་བར་ན་ ཆུ་འཛོམས་དང་ ཇོམོ་བྱག་དང་ ཆུ་འཛོམས་ལས་ སྤ་རོ་འབྲུག་རྒྱལ་ ཆུ་འཛོམས་ལས་ ཧཱ་དམ་སྦྱིས་ སྤ་རོ་ལས་ཧཱ་ དེ་ལས་ ཇོམོ་བྱག་ལས་ དར་ལ་གི་ ལམ་ཆད་ཡོད་མི་དེ་ སེལ་ཚུགས་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ལས་རྩི་རང་དང་ རྩི་རང་ལས་གསར་སྤང་ གསར་སྤང་ལས་དགེ་ལེགས་ཕུག་ དེ་ལས་ དར་དཀར་ནང་ལས་ སཱུན་ཀཱོཤ་བར་ན་ ལམ་ཆད་མི་ཚུ་ སེལ་ཚར་ནུག།
ཀྲོང་གསར་དང་བུམ་ཐང་ བུམ་ཐང་དང་མོང་སྒར་ དེ་ལས་ མོང་སྒར་དང་བཀྲིས་སྒང་གི་ གཞུང་ལམ་བསུབས་ཡོད་མི་ཚུ་ སེལ་ཚར་ཡོདཔ་ཨིན་རུང་ བཀྲིས་སྒང་ལྕགས་ཟམ་ལས་ བཀྲིས་གཡང་རྩེ་ཁ་ཐུག་ ཀི་ལོ་མི་ཊར་༧ ལྷགཔ་ཅིག་ཁར་ བསུབས་མི་དེ་ ད་རིས་རྐྱངམ་གཅིག་ སེལ་ཚུགས་པའི་རེ་བ་ ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *