༉ སྤྱི་ཟླ་༧ པའི་ཚེས་༨ ཀྱི་ ཕྱི་རུ་ཁམས་ཅིག་ལས་ འགོ་བཙུགས་ཏེ་ ཁ་ཙ་ཉིན་མ་ཚུན་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ཁག་ལེ་ཤ་ཅིག་ནང་ ས་རུད་ཆད་དེ་ འཁོར་ལམ་ཚུ་ བསུབས་ཡོདཔ་ཨིན་པས།
དེ་ཡང་ གཞུང་ལམ་དང་ སོ་ནམ་ཞིང་ལམ་ དེ་ལས་ རྒེད་འོག་ལྟེ་བའི་ལམ་ ལེ་ཤ་ཅིག་ར་ བསུབས་ཡོད་པའི་ དཀའ་ངལ་ཐོན་རུང་ མང་ཤོས་ཅིག་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་བར་ན་དང་ ཀྲོང་གསར་ལས་ གཞལམ་སྒང་དང་ དགེ་ལེགས་ཕུག་གི་བར་ན་ བྱུང་ཡོདཔ་ཨིན་པས།
ཨིན་རུང་ ལ་ལོ་ཅིག་ ཁ་ཙ་ལས་ར་ སེལ་ཚར་ཡོདཔ་ད་ ས་རུད་སྦོམ་ཆད་མི་ཚུ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཀྲོང་གསར་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཆརཔ་དེ་ལུ་བརྟེན་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་བར་ནའི་གཞུང་ལམ་ཁར་ ས་གནས་ཁག་ལེ་ཤ་ཅིག་ནང་ ས་རུད་ཆད་དེ་ ལམ་བསུབས་ཡོདཔ་ཨིན་རུང་ ད་ལྟོ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགསཔ་སྦེ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ཚེས་༨ ལས་འགོ་བཙུགས་ ཀྲོང་གསར་ཆུ་གསེར་བུ་དང་ ཚེ་རིང་མོ་གྲུབ་ཆུ་ སྦྱིས་ཟམ་ སྦྱིས་པཱམ་ དེ་ལས་ བིའུ་པོ་འེནཊི་ཚུ་ནང་ ལམ་བསུབས་ཡོདཔ་ཨིན་རུང་ དེ་ཚུ་ཡང་ སེལ་ཚར་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀྲོང་གསར་ལས་ ཀི་ལོ་མི་ཏར་༢ དེ་ཅིག་གི་ ས་གནས་ཁར་ཡོད་པའི་ ཏེ་ལི་སྒང་ཟམ་གྱི་ ས་ཁོངས་ནང་ཡང་ ལམ་བསུབས་མི་དེ་ སེལ་ཡོདཔ་ཨིན་རུང་ རྫོང་མཁར་ལུངམ་གི་ ས་ཁོངས་ནང་ ལམ་སྦོམ་སྦེ་ར་ བསུབས་ཏེ་ཡོད་ཟེར་ཨིན་པས།
དེ་ལས་ ཀྲོང་གསར་ཀུན་དགའ་རབ་བརྟན་ མ་ལྷོདཔ་ཅིག་ཁར་ བུཔ་བྱག་གི་ ཉེ་འདབས་ལུ་ཡང་ ལམ་སྦོམ་སྦེ་ར་ བསུབས་ཡོདཔ་ད་ རྫོང་མཁར་ལུངམ་དང་ བུཔ་བྱག་ལུ་ ལམ་བསུབས་མི་དེ་ ནངས་པར་ཉིན་མ་ཁམས་ཅིག་ཁར་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་ཨིན་པས།
ཀྲོང་གསར་ གླང་མཐིལ་རྒེད་འོག་དང་ གཞལམ་སྒང་བར་ན་ རི་བོ་ཏ་ལ་ལུ་ཡང་ ཨ་རྟག་བཟུམ་སྦེ་ར་ ལམ་བསུབས་ཡོདཔ་བཞིན་དུ་ ཁ་ཙ་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཏར་༣ གཞི་བཙུགས་འབད་དེ་ཡོད་ཟེར་ ལྟའུ་རྒྱས་ཆོས་གྲུབ་ཀྱིས་ བཤད་ཡོདཔ་ད་ མ་གཞི་ ལམ་དེ་ སྤྱི་ཚེས་༨ ཀྱི་ ཕྱི་རུ་བསུབས་མི་དེ་ ཁ་ཙ་དྲོ་པ་ སེལ་ཡོདཔ་ཨིན་རུང་ ད་རུང་ ལོག་སྟེ་ར་ བསུབས་ཏེ་ཡོད་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ ངོ་རྐྱང་ཚུ་གིས་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་བར་ན་ ལམ་ཁག་༥ ཆད་ཡོདཔ་ད་ སྤུ་ན་ཁ་དང་ མགར་སའི་བར་ན་ ལམ་ཁག་༤ ཆད་ཡོདཔ་ཨིན་པས།
དེ་ལས་ གཙང་ཆུ་བྲེས་མི་ལུ་བརྟེན་ ལྷ་མོའི་རྫིང་ཁ་དྲུང་ཁག་དེ་ཡང་ ས་གནས་གཞན་ཁར་ ཐལ་མ་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གཞལམ་སྒང་དང་ དགེ་ལེགས་ཕུག་གི་བར་ན་ཡང་ སུ་རེ་ཨོ་སི་དང་ བོགསི་ཀ་ཏིང་ ཨ་ཡི་སི་ལིཔ་ཚུ་ནང་ ལམ་སྦོམ་སྦེ་ར་ བསུབས་ཏེ་ཡོད་ཟེར་ཨིན་པས།
ལྟའུ་རྒྱས་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ གཞུང་ལམ་དེ་ ཁག་ལེ་ཤ་ཅིག་ནང་ར་ བསུབས་མི་ལུ་བརྟེན་ ཁ་ཙ་ཚུན་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་མ་ཚུགསཔ་སྦེ་ ཐལ་ཡོདཔ་ཨིན་རུང་ ད་རིས་ ཉིན་ཕྱེད་ལས་ སེལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཕུན་ཚོགས་གླིང་དང་ ཐིམ་ཕུག་བར་ན་དང་ ཐིམ་ཕུག་དང་ དབང་འདུས་ཕོ་བྲང་བར་ན་ཡང་ ས་གནས་ལེ་ཤ་ཅིག་ནང་ ལམ་ཆད་ཡོདཔ་ད་ དེ་ཡང་ སྟོདཔ་སྨན་ཆུ་ནང་དང་ འབྲུགཔ་ཀུན་ལེགས་གྲུབ་ཆའི་ ས་ཁོངས་ཚུ་ནང་ཨིན་པས།
ཨིན་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལམ་སེལ་ནིའི་དོན་ལུ་ ལཱ་རྩ་འགེངས་ཏེ་ འབད་བཞིན་དུ་ ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།