ཆུ་རུད་ཀྱིས་ རྐང་ཟམ་འཕྱགས་བདའ་མིའི་ཤུལ།

ཆར་ཤུགས་ཀྱི་གནོད་སྐྱོན་ལུ་བརྟེན་ སློབ་ཕྲུག་ཚུ་ ནང་སྡོད་ཐོག་ལས་ ཆོས་རྒྱུགས་རྐྱབ་དོ་ཡོདཔ།

༉ ད་རེས་ནངས་པར་ལྷུན་རྩེ་ ལ་གྲོང་སློབ་གྲྭ་ཆུང་བའི་ ཕྱི་སྡོད་སློབ་ཕྲུག་༩༤ དེ་ཅིག་ སློབ་གྲྭ་ནང་ གནས་སྐབས་ཀྱི་ དོན་ལུ་ ཞག་ཉལ་ཐོག་ལས་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་རྐྱབ་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༣ གྱི་ཕྱི་རུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཡུམ་ཆེ་དང་ པཱམ་ ལ་གྲོང་གཡུས་ཚན་༣ གྱི་ སོ་ནམ་ཞིང་ལམ་དང་ རྐང་ཟམ་ སྤྲིངས་ཟམ་ཚུ་ག་ར་ ཆུ་རུད་དང་ ས་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ རྒྱུན་འགྲུལ་འབད་མ་ཚུགས་ནི་དེ་གིས་ཨིན་པས།
ལ་གྲོང་སློབ་གྲྭའི་སློབ་དཔོན་ ཁྱུང་འདུས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་གྲྭ་དེ་ རྒེད་འོག་གི་ ཉེ་འདབས་ལུ་ ཆགས་ཡོད་ནི་དེ་གིས་ སྤྱིར་བཏང་ སློབ་གྲྭའི་ནང་སྡོད་ཀྱི་ མཐུན་རྐྱེན་སྤྱོད་ནིའི་ གོ་སྐབས་མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ དུས་ཡུན་ ཆུ་ཚོད་༡ དང་༢ དེ་རེ་ རྐང་སྟོང་སྦེ་ ལམ་འགྲུལ་འབད་ཐོག་ལས་ སློབ་སྦྱོང་འབད་བར་འོང་དགོ་ཟེར་ཨིན་པས།
ད་རེས་ ས་རུད་དང་ ཆུ་རུད་ཀྱིས་ འཁོར་ལམ་འཕྱགས་བདའ་བའི་ཁར་ ཟམ་༢ ཡང་ འཕྱགས་བདའ་ ཡོདཔ་ལས་ ཨ་ལོ་ཚུ་ སློབ་གྲྭ་ནང་འོང་ནི་དང་ ལོག་འགྱོཝ་ད་ བར་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ཉེན་སྲུང་གི་དོན་ལུ་ ཆུ་དང་ བྱག་ རི་ དེ་ལས་ ཆུ་རུད་ཆད་མིའི་ས་གོ་ཚུན་ ཕམ་ཚུ་ལུ་ ཨ་ལོ་ཚུ་ རྩིས་སྤྲོད་འབད་བར་ འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
རྒྱ་རེད་རྒེད་འོག་བདག་སྐྱོང་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སློབ་གྲྭ་བདག་སྐྱོང་གིས་ སློབ་ཕྲུག་གི་ཕམ་དང་གཅིག་ཁར་ ཞལ་འཛོམས་འཚོགས་ཞིནམ་ལས་ སྤྱི་ཟླ་༦ པའི་ཚེས་༢༠ ལས་ འགོ་བཙུགས་ ཆོས་རྒྱུགས་རྐྱབ་མ་ཚར་ཚུན་ བདུན་ཕྲག་༢ ཀྱི་རིང་ སློབ་གྲྭ་ནང་ བཞག་ནི་དང་ ཕྱི་རུའི་བཞེས་སྒོ་དོན་ལུ་ ཆུམ་དང་ ཚོད་བསྲེ་གི་རིགས་ཚུ་ ཨ་ལོའི་ཕམ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་སྦེ་ གྲོས་བསྟུན་འབད་ ཡི་ཟེར་ཨིན་པས།
ལ་གྲོང་སློབ་གྲྭ་ཆུང་བ་དེ་ ཁྱིམ་གུང་པ་༡༠༠ ལྷགཔ་ཅིག་གི་དོན་ལུ་ གཞི་བཙུགས་འབད་ཡོད་རུང་ དེ་བསྒང་ སློབ་ཕྲུག་ཚུ་ལུ་ ནང་སྡོད་ཀྱི་མཐུན་རྐྱེན་མེད་པར་ དྲོ་པ་དང་ ཉིན་མ་ལྟོ་ཐོབ་ཀྱི་སློབ་གྲྭ་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་ སློབ་གྲྭ་ནང་འགྱོ་བའི་བསྒང་།

ཡུམ་ཆེ་དང་ པཱམ་ དེ་ལས་ པཱམ་སྤྱི་འོག་༣ གྱི་ སློབ་ཕྲུག་ཚུ་ ཉིན་བསྟར་བཞིན་དུ་ ཀི་ལོ་མི་ཊར་༡༡ དང་ ༡༢ དེ་རེ་ རྐང་འགྲུལ་སྦེ་ སློབ་སྦྱོང་འབད་བར་ འོང་དགོ་པའི་ཁར་ གནམ་བྱཱར་ཆར་ཆུ་ལུ་བརྟེན་ ཉེན་ཁ་ཡོདཔ་ཨིན་པས།
སློབ་ཕྲུག་གི་ཕམ་ དབང་མོ་གིས་ སླབ་མིའི་ནང་ མོ་གི་ཨ་ལོ་དེ་ ཆུང་ཀུ་ཨིནམ་ལས་ སློབ་གྲྭ་ནང་ བཏངམ་ད་ སེམས་ཁར་ཚ་གྱང་སྦོམ་ར་ ལངམ་མས་ཟེར་ཨིན་པས།
ཨ་ལོའི་ཨ་པ་ བསྟན་འཛིན་གྱིས་འབད་བ་ཅིན་ དུས་ཅི་ ཆུ་རུད་སྦོམ་ཅིག་ ཐོན་མི་གིས་ སློབ་ཕྲུག་ཚུ་ལུ་ ཉེན་ཁ་སྦོམ་ར་བྱུང་སྟེ་ཡོད་ཟེར་ཨིན་པས།
ཕམ་ཚུ་གིས་འབད་བ་ཅིན་ གཡུས་སྒོའི་ནང་འདི་བཟུམ་གྱི་དཀའ་ངལ་ཡོདཔ་ལས་ རྒེད་འོག་དང་ རྫོང་ཁག་མཉམ་རུབ་ཐོག་ལས་ ཨ་ལོ་ཚུ་ སློབ་གྲྭ་ནང་ སྡོད་ཐབས་ཡོདཔ་ཅིག་ བཟོ་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ རྒེད་འོག་རྒཔོ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་ ནང་སྡོད་མཐུན་རྐྱེན་ཐོབ་ཐབས་བཟོ་དོན་ལུ་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནང་ཡོད་རུང་ གྲུབ་འབྲས་འབྱུང་མ་ཚུགས་པར་ཡོད་ཟེར་ཨིན་པས།
ས་རུད་དང་ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་མི་ སོ་ནམ་ཞིང་ལམ་དང་ ཟམ་ཚུ་ ལོག་ཉམས་བཅོས་དང་ བཟོ་སྐྲུན་འབད་ནི་ལུ་ སྔོན་བརྩི་ཟད་འགྲོ་དངུལ་ཀྲམ་ ས་ཡ་༢༠༠ གནས་ནི་ཨིནམ་ལས་ ནམ་ཉམས་བཅོས་འབད་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
རྒྱ་རེད་རྒེད་འོག་དེ་ ལྷུན་རྩེ་རྫོང་ཁག་ལས་ ཀི་ལོ་མི་ཊཪ་༧༠ ལྷགཔ་ཅིག་གི་ས་ཁར་ ཆགས་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *