ཆར་ཆུའི་སྐབས་ ཆུ་གཡུར་བསུབས་མི་དང་ ཆུ་འཁྱིལ་སྡོད་པའི་དཀའ་ངལ།

༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཐིམ་ཕུག་ལུ་ ཆརཔ་རྐྱབ་མི་དེ་གིས་ ས་གནས་ཐདམ་ཐད་ཁར་ ཆུ་གཡུར་དང་ ས་འོག་བཙོག་དུང་ཚུ་ བསུབས་པའི་ཁར་ ཁྲོམ་ལམ་བདའ་སྟེ་ཡོད་མི་ བཙོག་དུང་ནང་ལས་ བཙོག་ཆུ་རྦད་དེ་ ཆུ་འཁྱིལ་སྡོད་མི་དེ་གིས་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ལུ་ བར་ཆད་རྐྱབ་མ་ཚད་ རྐང་སྟོང་འགྱོ་མི་ཚུ་ དྲིམ་མནམ་སྟེ་ ལམ་འགྱོ་མ་ཚུགས་པའི་ གནས་སྟངས་བྱུངམ་ཨིན་མས།

འདི་བཟུམ་མའི་ མཐོང་གསལ་བྱུང་མི་དེ་ ད་རེས་ འགོ་དང་པ་མེན་རུང་ གནས་སྟངས་ལེགས་བཅོས་འགྱོ་ནི་མེན་པར་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་མི་དེ་ ཧ་གོ་མ་ཚུགས་པའི་ གནད་དོན་ཅིག་ཨིན་མས།

མ་གཞི་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཐབས་ལམ་དང་བསམ་འཆར་ཚུ་ མི་སྡེ་བརྡ་བརྒྱུད་ནང་ འདྲ་མིན་སྣ་ཚོགས་ བཀོད་དོ་ཡོདཔ་ཨིན་རུང་ ཚུལ་མཐུན་ངོས་ལེན་ཅིག་ འབྱུང་མ་ཚུགས་པར་ ལུསཔ་ཨིན་མས།

མ་གཞི་ ཁྲོམ་སྡེ་ཡིག་ཚང་གིས་ འདས་པའི་ལོ་ཚུ་ནང་ ཆུ་གཡུར་ལམ་ལུགས་ཚུ་ ལེགས་བཅོས་ཐོག་ལས་ རྒྱ་སྦོམ་བཟོ་ཡོད་རུང་ དཀའ་ངལ་སེལ་ཐབས་འབད་མ་ཚུགས་པས།

དེ་ཡང་གཙོ་བོ་ར་ ལོ་བསྟར་བཞིན་དུ་ ཁྲོམ་སྡེའི་མི་འབོར་ ཡར་སེང་འགྱོ་མི་དང་བསྟུན་ སྒྲིང་ཁྱིམ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ བཟོ་སྐྲུན་འབད་བའི་ཁར་ ས་གནས་ནང་སྡོད་མི་ཚུ་གིས་ སྣང་བ་གང་ཤར་ཐོག་ལས་ ཕྱགས་སྙིགས་རག་རོ་ཚུ་ ཆུ་གཡུར་ནང་ ག་ལྷོད་བཀོག་མི་ལུ་བརྟེན་ ཆར་དུས་སྐབས་ ཆུ་གཡུར་བསུབས་པའི་ དཀའ་ངལ་བྱུངམ་ཨིན་མས།

འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེའི་ལས་བྱེདཔ་ སྡེ་ཚན་ཅིག་གིས་ ཆུ་གཡུར་བསུབས་མི་ཚུ་ སེལ་བཏང་པའི་སྐབས་ ཆུ་གཡུར་ནང་ ཆུ་ཤོག་དང་ གྱིབ་དམ་ གོ་ལ་ར་རྡུག་ ཀྲེབ་ཀྲེམ་ལ་སོགས་པའི་ རག་རོ་མང་ཧིང་རྫོགསཔ་ཅིག་ བཏོན་བཀོག་ནུག།

ཆུ་གཡུར་གྱི་ ཚད་གཞི་ལུ་བལྟ་བ་ཅིན་ ཆར་ཆུའི་ཤོང་ཚད་ཡོད་རུང་ རུལ་མ་བཏུབ་པའི་ ཕྱགས་སྙིགས་རག་རོ་ཚུ་གིས་ ཆུ་གཡུར་བསུབས་ཏེ་ ཆུ་ཕྱི་ཁར་ ཐོན་འགྱོ་དོ་ཡོདཔ་ལས་ ཁྲོམ་སྡེའི་ལཱ་འབད་མི་ཚུ་གིས་ ཨ་རྟག་ར་ ཉོགས་བཤད་བཀོདཔ་ཨིན་མས།

ཆུ་གཡུར་ནང་ ཆུ་དུང་དང་ ཊི་བི་རྒྱུན་ཐག་ཚུ་ བཙུགས་མི་ལུ་བརྟེན་ ཕྱགས་སྙིགས་རག་རོ་ཚུ་ཐོགས་ཏེ་ ཆུ་བསུབས་དོ་ཡོདཔ་ད་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུ་གཡུར་ནང་ ཆུ་དུང་དང་ ཊི་བི་རྒྱུན་ཐག་ཚུ་ རྩ་ལས་ར་ བཙུགས་མ་ཆོགཔ་ལས་ གལ་སྲིད་ ཤེས་རྟོགས་འབྱུང་པ་ཅིན་ ཉེས་ཆད་ཚུ་ ཡངས་ཆག་མེད་པར་ བཀལ་དོ་ཡོདཔ་ཨིན་མས།

རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ལུ་བརྟེན་ མཐའ་འཁོར་གནས་སྟངས་ལུ་ གནོད་ཉེན་སྦོམ་ཡོདཔ་ལས་ ཆུ་ཤོག་ལག་ལེན་འཐབ་མ་ཆོག་པའི་ བཀག་དམ་འབད་བའི་ཤུལ་ལུ་ གོ་བརྡའི་ལས་རིམ་ཚུ་ ག་དེམ་ཅིག་ར་ འགོ་འདྲེན་འཐབ་རུང་ སྤྱིར་བཏང་མི་མང་གི་ གོམས་གཤིས་བསྒྱུར་བཅོས་འབད་མ་ཚུགསཔ་ལས་ མཐར་འཁྱོལ་འབྱུང་མ་ཚུགས།

ཁྲོམ་གྱི་ས་ཁོངས་དང་ གཡུས་ཚན་ཚུ་ནང་ལས་ཕར་ ག་ལྷོད་བཀོག་མི་ གྱིབ་དམ་དང་ ཤེལ་དམ་ དེ་ལས་ ཆུ་ཤོག་གི་རིགས་ཚུ་ ལག་ལེན་འཐབ་མི་ ལས་སྡེ་ཁོང་རང་གིས་ ལོག་ཉོ་བ་ཅིན་ བསྡུ་བཞག་ནི་དང་ ཡང་ཅིན་ བསག་བཞག་ནི་ལུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།

རུལ་མ་བཏུབ་པའི་ ཕྱགས་སྙིགས་ཚུ་ བསྐྱར་བཟོ་འབད་ཚུགས་པའི་ཁར་ ལཱ་གཡོག་བཟོ་ཚུགས་པའི་ གོ་སྐབས་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དམིགས་བསལ་དུ་ ཆར་ཆུའི་དུས་ཚོད་ལུ་ ཆུ་གཡུར་བསུབས་པའི་ ཡུན་རིང་གི་དཀའ་ངལ་དེ་ སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *